༢༠༡༣ ཟླ་ ༧ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་མཛད་པའི་ཕྱག་རྒྱ་ཆེན་པོའི་རྩ་འགྲེལ་དབྱངས་གསལ་སྒྲོན་མེའི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ ཉིན་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ཆོས་ཞུ་བ་སེར་སྐྱ་མི་དམངས་ལ་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་འབྱོར་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བ་རེད། ཐོག་མར་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད།
དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་མི་རབས་ནས་མི་རབས་བར་འཆད་རྩོད་རྩོམ་གསུམ་ཐོག་ནས་བསྟན་པ་འཛིན་སྐྱོང་བྱེད་མཁན་དེ་ཕལ་ཆེར་ང་ཚོ་བོད་པ་གཅིག་པུ་རེད་འདུག བོད་མི་ས་ཡ་དྲུག་རེད། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་རང་དབང་བྲལ་ནས་གནས་སྟངས་ཁག་པོའི་ཐོག་གནས་ཡོད། ཆོས་དད་ལ་ཆ་བཞག་ན་ཧ་ལས་པ་རེད། མི་རིགས་ཀྱི་ཞེན་ཁོག་དང་ཆོས་དད་གཉིས་ཟུང་འབྲེལ་ལྟ་བུ་ཆགས་ཏེ་ཧ་ཅང་ཤུགས་ཆེན་པོ་རེད་འདུག འོན་ཀྱང་རང་དབང་ཐོག་ནས་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དང་ཉམས་ལེན་བྱེད་རྒྱུ་ཁུག་ཀྱོག་དེ་འདྲ་ཡོད་སྲིད་པ་རེད་མ་གཏོགས་ཧ་ཅང་ཁག་པོ་ཆགས་ཡོད།
བཙན་བྱོལ་དུ་ང་ཚོ་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད། དེའི་ནང་ནས་དངོས་གནས་སངས་རྒྱས་ཀྱི་བསྟན་པར་ཕྲན་བུ་གོ་བ་ཆགས་ཏེ་ཡོང་མཁན་ཉུང་ཉུང་རེད། སངས་རྒྱས་ཀྱི་བསྟན་པ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁ་ཡོད་ལག་ཡོད་ཀྱི་འཛིན་རྒྱུའི་གོ་སྐབས་ཡོད་པ་དེ་ཕལ་ཆེར་ང་ཚོ་འདི་གར་ཡོད་པའི་ཉུང་ཤས་དེ་དག་རེད། འཛམ་གླིང་འདིའི་ཐོག་སངས་རྒྱས་པའི་ཆོས་དེ་དམིགས་བསལ་ཞིག་ཡོད་པ་དེ་མཐུན་སྣང་དུ་གྲུབ་ཡོད། དེའི་ཉིང་ཁུ་ན་ལེནྡྲའི་མཁས་པ་ཚོས་གཏན་ལ་ཕབ་སྟེ་མིག་ཁ་ཕྱེ་བ་ལྟ་བུ་བཟོས་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་རེད། དེ་རྒྱུན་འཛིན་བྱེད་མཁན་ང་ཚོ་ཉུང་ཤས་ཤིག་རེད། ང་ཚོས་ཕྲན་བུ་གཟབ་ནན་དང་རིག་པ་མ་སྒྲིམ་ན་གཞན་དག་གིས་བྱེད་མཁན་མི་འདུག མིག་མཐོང་ལག་ཟིན་གྱིས་འཛམ་གླིང་འདིའི་ཐོག་སངས་རྒྱས་ཀྱི་བསྟན་པ་ང་ཚོས་འཛིན་རྒྱུ་རེད་མ་གཏོགས་ཕྱོགས་བཅུ་རྒྱལ་བ་སྲས་དང་བཅས་པ་དེ་དག་གིས་བསྟན་པ་འཛིན་རྒྱུའི་སྐད་ཆ་གང་ཡང་མིན།
བསྟན་པ་འཛིན་ཞེས་པ་ནི་གཙོ་བོ་ང་ཚོའི་རྒྱུད་ཀྱི་སེམས་མ་དུལ་བ་དེ་དག་འདུལ་བ་དང་མ་ཞི་བ་དེ་ཞི་བར་བྱེད་རྒྱུའི་ཐོག་ནས་འཛིན་དགོས་ཀྱི་ཡོད། སེམས་མ་དུལ་བ་འདུལ་བ་དང་མ་ཞི་བ་དེ་ཞི་བར་བྱེད་རྒྱུ་དེ་ཡང་ཡིད་ཆེས་དང་། སྨོན་ལམ། གཟུངས་སྔགས་བགྲངས་པ་ཁོ་ན་མིན། མ་དུལ་བ་བྱེད་མཁན་དེའི་འཚང་རྟོལ་ནས་ནུས་མེད་གཏོང་དགོས། མཚང་བརྟོལ་རྒྱུ་དེ་ཡང་དབང་ཡོད་ཤོད་རྒྱུ་མེད་སྟབས། རྒྱུ་མཚན་དྲངས་ནས་མཚང་བརྟོལ་དགོས་པར་བརྟེན་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཐོག་ནས་ཡོང་དགོས་པ་ཞིག་རེད། གང་ལྟར་ང་ཚོ་ཚང་མས་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་ཁ་ཡོད་ལག་ཡོད་དང་ལག་ལེན་བསྟར་བའི་ཐོག་ནས་བསྟན་པ་རྒྱས་ཐབས་སུ་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ པ་ཙམ་ལ་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྙིང་མའི་དགོན་པ་ཨོ་རྒྱན་གླིང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་གནས་གཟིགས་དང་དགོན་སྡེའི་དགེ་འདུན་པ་ཞལ་གྲངས་ཉི་ཤུ་ཙམ་ཡོད་པ་རྣམས་ལ་ལམ་སྟོན་བཀའ་སློབ་ཀྱང་སྩལ་ཡོད་པ་བཅས། །