༢༠༡༣ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ ནས་བདུན་ཕྲག་གཅིག་རིང་བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིར་གནས་སྡོད་བོད་མི་གཞོན་སྐྱེས་རྣམས་ལ་མ་འོང་འགོ་ཁྲིད་ཀྱི་ཟབ་སྦྱོང་ Tibetan Youth Leadership Program གོ་སྒྲིག་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཟབ་སྦྱོངས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཨ་རིར་གནས་སྡོད་བོད་མི་གཞོན་སྐྱེས་ཚོས་མ་འོངས་པར་བོད་མིའི་འཐབ་རྩོད་སྤྱི་དང་གཞན་ཡང་ཨ་རིའི་ནང་ཆབ་སྲིད་དང་སྤྱི་ཚོགས་སོགས་ལས་དོན་འདྲ་མིན་ཐད་འགོ་ཁྲིད་བྱེད་ཐུབ་པའི་ནུས་པ་སྐྲུན་ཆེད་ཡིན་འདུག དེ་ཡང་ཟབ་སྦྱོང་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཀེ་ཚེ་རིང་ལགས་ཀྱིས་དྲ་གནས་ཐོག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན་ལྟར་ན། ཟབ་སྦྱོང་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༠ ལོར་འཆར་གཞི་སྒྲིག་ནས་ཕྱི་ལོ་ ༢༠༠༡ ལོར་དངོས་སུ་ལག་བསྟར་ཐུབ་པ་བྱུང་འདུག དེ་ནས་ད་བར་ཨ་རི་ཙམ་མ་ཟད་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་བོད་རིགས་གཞོན་སྐྱེས་རྣམས་ལའང་མ་འོངས་འགོ་ཁྲིད་ཀྱི་ཟབ་སྦྱོངས་ཐེངས་འགའ་གོ་སྒྲིག་ཞུས་ཡོད། ཕྱི་ལོ་ ༡༩༩༠ སྔོན་ཨ་རིའི་ནང་བོད་མི་དེ་ཙམ་མང་པོ་མེད། འོན་ཀྱང་ཨ་རིའི་གཞུང་གིས་བོད་མི་ཆིག་སྟོང་ཨ་རིར་གནས་སྤོ་བྱ་རྒྱུའི་རོགས་རམ་གནང་རྗེས་རིམ་བཞིན་ཨ་རིའི་ནང་བོད་མི་གྲངས་འབོར་ཇེ་མང་དུ་ཕྱིན་ནས་ད་ཆ་ཨ་རིའི་གཞུང་གི་ལས་ཁུངས་ཁག་གི་ནང་བོད་མི་གཞོན་སྐྱེས་དང་བླང་བྱེད་མཁན་དང། དེ་བཞིན་རིམ་བཞིན་ཨ་རིའི་ཆབ་སྲིད་ཀྱི་ལས་དོན་སོགས་ཀྱི་ནང་བོད་མི་གཞོན་སྐྱེས་ཚོས་མཉམ་ཞུགས་བྱེད་ཐུབ་པའི་རྣམ་པ་ཞིག་གསལ་པོར་མངོན་བཞིན་ཡོད་པར་བརྟེན། ཟབ་སྦྱོངས་འདིའི་རིགས་དགོས་གལ་ཧ་ཅང་ཆེ་བར་བརྩི་བཞིན་ཡོད་སྐོར་བུ་ཆུང་ལགས་ཀྱི་གསུངས་ཡོད།།