༢༠༡༣ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༡ ཉིན་ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཕ་རན་ཀོ་ཨིས་ཧོ་ལེན་ཌི་ (Francois Hollande) མཆོག་ལ་རིང་མིན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་གོང་ཚེས་ཉིན་ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་འཁོད་དོན། ཕ་རན་སི་དང་ཡུ་རོབ་སྤྱི་མཐུན། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་མཉམ་རུབ་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ཆེད་བོད་ཀྱི་གནད་དོན་སྣང་མེད་དུ་མ་བཏང་བར་བོད་དོན་ཐོག་ལངས་ཕྱོགས་ཁ་གསལ་དང་བརྟན་པོ་བཟུང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གི་ངོས་ནས་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་བཀག་སྡོམ་གང་ཡང་མེད་པའི་ཐོག་འགྲོ་བསྐྱོད་བྱེད་འཇུག་དགོས་པ་དང། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ། དེ་བཞིན་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་མ་ཟད། ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕ་རན་སིའི་གྲོས་ཚོགས་ནང་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ཐོག་གྲོས་ཆོད་འཇོག་རྒྱུའི་ཐག་གཅོད་གཏན་འབེབས་གནང་ཡོད།
གོང་གསལ་བསྒྲགས་གཏམ་དེའི་ཐོག་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་རོགས་སྐུ་ཞབས་ཇིན་པེ་ཊི་རིཀ་ (Mr. Jean-Patrick GILLE) ལགས་ཀྱིས་གཙོས་སྐུ་ཞབས་ནོ་ཨིལ་ན་མི་རི་ (Mr. Noël MAMERE) ལགས་དང་། ཚོགས་གཞོན་སྐུ་ཞབས་པེ་ཊི་རིཀ་བྷོ་ལོ་ཆི་ (Mr. Patrick BLOCHE) ལགས། སྐུ་ཞབས་ཕི་ལིབ་ཕོ་ལོ་ཊི་ (Mr. Philippe FOLLIOT) ལགས། ལྕམ་སྐུ་ཇི་ནི་ཝི་ཝ་གྷི་ལར་ཌི་ (Mme. Geneviève GAILLARD) ལགས། སྐུ་ཞབས་ལི་ཨོ་ནེལ་ལུ་ཀ་ (Mr. Lionnel LUCA) ལགས། སྐུ་ཞབས་ཕི་ལིབ་ཝ་ཨེ་ཊེལ་ (Mr. Philippe VITEL) ལགས། དྲུང་ཆེ་སྐུ་ཞབས་ཇོ་ཨིལ་གྷི་རོ་ཌི་ (Mr. Joël GIRAUD) ལགས། སྐུ་ཞབས་པོལ་མོ་ལེཀ་ (Paul MOLAC) ལགས་བཅས་ཀྱིས་མཚན་རྟགས་བཀོད་ཡོད་འདུག
ཕྱོགས་མཚུངས་དེ་ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེན་ཌི་རི་གྷ་ཊོ་ལིན་ལགས་ཀྱིས་ཕ་རན་སི་གཞུང་ལ་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཕ་རན་ཀི་ཨིས་ཧོ་ལེན་ཌི་མཆོག་གིས་རིང་མིན་རྒྱ་ནག་ནང་འཚམས་གཟིགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུ་ཡིན་མིན་སྐོར་དྲི་བ་བཏོན་ཡོད་འདུག་པ་བཅས།།