༢༠༡༣ ཟླ་ ༣་ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་ཁམས་ཡུལ་ཤུལ་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་སུ་ལོ་ ༥ དང་བྲག་དཀར་སྡེ་བའི་གླུ་པ་བློ་བློ་ལགས་སུ་ལོ་ ༦ བཅས་ཀྱི་ཁྲིམས་ཐག་བཅད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ལྔ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ལས། དབང་པོ་སྐྱོན་ཅན་ཡིན་པའི་དགེ་འདུན་པ་ངག་དབང་སྨོན་ལམ་ལགས་ཟླ་གཅིག་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་བཙོན་འཇུག་གིས་ཟླ་འགའ་ཕྱིན་རྗེས་དགེ་འདུན་པ་བློ་བཟང་སྦྱིན་པ་དང་ཚུལ་ཁྲིམས་སྐལ་བཟང་གཉིས་བཙོན་ཁང་ནང་ཉེས་རྡུང་ཚད་མེད་བཏང་སྟེ་སྐུ་གཟུགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་བརྟེན། གནས་སྐབས་བཙོན་བཀྲོལ་གཏོང་དགོས་བྱུང་ཡོད་ཀྱང་། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་ཕ་རྟ་རྒྱལ་དང་མ་པདྨ་མཚོ་མོ་གཉིས་ཀྱི་བུ་རང་ལོ་ ༣༡ ལ་སོན་པ་དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་སླར་ཡང་དགོན་པའི་ནང་ནས་འཛིན་བཟུང་བྱས་ཏེ་ཉེ་ཆར་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ནས། ད་ལྟ་ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་གནས་སུ་གྱུར་འདུག
དེ་བཞིན་ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་པ་བློ་བློ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་རྒྱ་གཞུང་གིས་འཛིན་བཟུང་གིས་འདྲི་རྩད་མནར་གཅོད་ཚད་མེད་བཏང་མཐར་ཀློད་བཀྲོལ་་བཏང་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༣ ཉིན་སླར་ཡང་འཛིན་བཟུང་གིས་ཉེ་ཆར་ལོ་ ༦ གི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆར་ཁོང་བཙོན་ཁང་གང་དུ་བཅུག་ཡོད་པ་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད། གླུ་པ་བློ་བློ་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་ཞིང་། ཁོང་གི་ཕ་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང༌མ་མིང་ལ་ཆོས་སྐྱིད་སྒྲོལ་མ་བརྗོད་ཀྱི་ཡོད་འདུག
ཁོང་རྣམ་པ་གཉིས་ལ་ཁྲིམས་ཁང་གང་ནས་ཁྲིམས་ཐག་བཅད་ཡོད་མེད་དང་། ཉེས་འཛུགས་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག
གླུ་པ་བློ་བློ་ལགས་ཀྱིས་༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་༽ ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། ༡༽ ཕ་ལམ་གས་ཆག་ཤོར་བའི་མིག་ཆུ། ༢༽ ཕ་ས་ཤོར་བའི་དབུགས་རིང་། ༣༽པཎ་ཆེན་ལགས། ༤༽ ཕེབས་ཤོག ༥༽བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༦༽ སྡེ་དགོན་ཟུང་། ༧༽བདེན་གཏམ། ༨༽ རེ་སྒུག་གི་ལོ་ཟླ། ༩༽ ངའི་ཚེ་སྲོག ༡༠༽ མཛའ་གཞས། ༡༡༽ མ་འོངས་རྒྱལ་ཁའི་རྩ་བ། ༡༢༽ མདུན་ལམ། ༡༣༽ ལེགས་ཚོགས་རབ་བཀྲ། ༡༤༽ བཀྲ་རེ་ཤིས་བཅས་གཞས་སྣ་ཁག་ ༡༤ ཙམ་འགྲེམས་སྤེལ་གནང་འདུག
༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ༽ ཞེས་པའི་གཞས་ཚིག་ནི། བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། དོན་བདེན་པ་དབུ་མའི་ལམ་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། གངས་དཀར་པོའི་ལ་རྒྱ་སྐྱོང་བའི་ཕྱིར། བོད་རང་བཙན་གཙང་མ་འཐོབ་པའི་སླད། དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༸སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། བོད་གཞིས་བྱེས་ལྷན་འཛོམས་འབྱུང་བའི་སླད། སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། སེང་གངས་རིས་བརྒྱན་པའི་དར་ཆ་འདི། བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། བྲིས་ཡོད་འདུག་པ་བཅས། །