༢༠༡༣ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་བསྟན་སྲིད་མི་རིགས་དང་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་དང་ད་ལྟའང་རྒྱའི་བཙོན་ཁང་ནང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་ལྟར།
ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ (hall of Sakharov Center) ཞེས་པའི་ཚོགས་ཁང་ནང་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པ་ (Save Tibet Foundation) དང་བོད་མིའི་རང་བཙན་ལས་འགུལ་གྱི་ཨུ་རུ་སུའི་ལས་འགུལ་བ་ལྕམ་སྐུ་ཝེ་ལི་རི་ཡ་མི་ལར་ (Ms Valeriya Miller) ལགས་ཐུན་མོང་གིས་༼འབར་བཞིན་པའི་བོད་༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛིགས་ཕྱི་དྲིལ་ལས་ཁུངས་ཀྱིས་བཟོ་སྐྲུན་གནང་བའི་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་ཅི་ཡིན། (The Burning Question – Why Are Tibetans Turning to Self-Immolation?) ཞེས་པའི་བརྙན་འཕྲིན་བསྟན་ཡོད་པ་མ་ཟད། ལྕམ་སྐུ་ཝེ་ལི་རི་ཡ་མི་ལར་ལགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་བྱུང་རིམ་དང་རྒྱབ་ལྗོངས། དེ་བཞིན་རྒྱལ་གཅེས་པ་ཁོང་རྣམ་པའི་ཞལ་ཆེམས་སོགས་བསྟན་ཡོད།
དེ་རྗེས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་གནས་བབས་དང། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན། བོད་ནང་རང་ལུས་མེར་སྲེག་གཏོང་དོན་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། དེ་ནས་སྐུ་ཞབས་ཝི་ནི་ཀོལ་སི་ཀི་ (Mr V Nikolski) ལགས་ཀྱིས་རྒྱ་ནག་ནང་དང། ཤར་ཏུར་ཀི་སི་ཐན། ནང་སོག བོད་བཅས་ཀྱི་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་རྔམ་སྟོན་བྱས་པའི་བརྙན་པར་བརྙན་འཕྲིན་བརྒྱུད་ལམ་ཁག་དང་ཡུ་ཊུབ་ཐོག་ཡོད་པ་རྣམས་མང་ཚོགས་ལ་བསྟན་ཡོད།
དེ་བཞིན་བཀའ་ཤག་གི་བཀོད་ཁྱབ་ལྟར་བོད་དོན་རྒྱབ་སྐྱོར་བ་ (Friends of Tibetan Society) ཞེས་པའི་ཚོགས་པས་གོ་སྒྲིག་ཐོག་ཁལ་མུཀ་ནང་པའི་དགོན་པར་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད། གོང་གསལ་ཚོགས་པ་དེའི་ཚོགས་གཙོ་ལྕམ་སྐུ་ཨན་ཊོ་ནི་ཡ་ (Mrs Antonina Kookueya) ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད། ཕྱོགས་མཚུངས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཞན་ཁག་གི་ནང་ལ་ཡང་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་བཅས།།