༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༠ ནས་ཚེས་ ༢༢ བར་ཉིན་གསུམ་རིང་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌིའི་བོད་པའི་གཞོན་སྐྱེས་ཚོས་རང་གི་རིག་གཞུང་དང་བོད་དོན་ལ་དོ་སྣང་ཡོང་ཆེད་སྐུ་ཚབ་དོན་གཅོད་ལས་ཁང་ནས་མེལ་བྷོན་ཁུལ་གནས་( Maitripa Centre) ཞེས་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ནང་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིད་ནི་དང་། ཀེན་བྷེ་ར། ཨ་ཌི་ལེ་ཌི། ཊ་སི་མ་ནི་ཡ། ཁོན་སེ་ལན་ཌི། ནིའུ་ཛི་ལན་ཌི་བཅས་ནས་བོད་རིགས་ན་གཞོན་གྲངས་ ༣༡ མཉམས་ཞུགས་གནང་ཡོད་པ་དང་། ཉིན་གསུམ་རིང་གི་ཟབ་སྦྱོང་རིང་ཨོ་སི་ཊོ་ལི་ཡའི་ཁུལ་དུ་གནས་སྡོད་བོད་དོན་ཆེད་ལས་པ་དང་མཁས་དབང་། ཉམས་ཞིབ་པ། གཞུང་ཞབས་བཅས་ཁྱོན་བོད་མི་ཤེས་ཡོན་ཅན་ ༡༡ གདན་ཞུས་ཀྱིས་ན་གཞོན་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། ན་གཞོན་ནང་ཁུལ་འབྲེལ་མཐུད་གནང་སྟངས། བོད་དོན་ཞུ་གཏུག་གནང་སྟངས་སྐོར།
དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག བོད་ནང་གི་ཁོར་ཡུག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། དྲི་བ་དྲིས་ལེན་དང་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་ཡང་གནང་ཡོད། ཟབ་སྦྱོང་ནང་མཉམས་ཞུགས་གནང་མཁན་བོད་ཀྱི་ན་གཞོན་ཚོས་ཉིན་རེའི་ལས་རིམ་ཁག་ལ་དོ་སྣང་ཆེན་པོ་གནང་བ་མ་ཟད་། བརྗོད་གཞིའི་དོགས་དྲི་ཁག་ལ་དྲི་བ་མང་པོ་བཏང་ཡོད། ཟབ་སྦྱོང་གྲུབ་མཚམས་ཚོགས་བཅར་བ་ཚོས་བསམ་འཆར་འགེངས་ཤོག་ནང་ཐེངས་འདིའི་ཟབ་སྦྱོང་བརྒྱུད་རང་ཉིད་ལ་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་སོགས་གོ་རྟོགས་ཐད་ཕན་རླབས་ཆེན་པོ་བྱུང་སོང་བར་བརྟེན། སླད་ཕྱིན་ཟབ་སྦྱོང་དེ་ལྟར་རྒྱུན་མཐུད་གོ་སྒྲིག་གནང་རྒྱུའི་དགོངས་འཆར་ཡང་སྟོན་ཡོད་བཅས། །