༢༠༡༣ ཟླ་ ༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་སྤོས་སྣེས་སྔོན་བསུས་ཏེ་དུས་འཁོར་ཐང་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཤྲི་རི་ལངྒའི་སྐུ་ཞབས་ཁག་གཅིག་ནས་པཱ་ལིའི་སྐད་དུ་བཀྲ་ཤིས་པའི་མདོ་དང་ཇར་མན། ཝ་ཏི་ནམ། དབྱིན་ཇི་ཁག་གཅིག་ནས་སོ་སོའི་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་ཟིན་མཚམས་མར་ཇའི་སྦྱིན་བདག་རྣམས་ལ་མཇལ་ཁ་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་གྱི་སྔོན་འགྲོའི་བཀའ་སློབ་ཕེབས་དོན།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོན་པ་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པ་རྟེན་འབྱུང་ལྟ་བ་ལ་བརྟེན་ནས་གསུང་གྱི་ཡོད་དུས་དཔལ་མགོན་འཕགས་པ་ཀླུ་སྒྲབ་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པའི་སྟོན་པ་བླ་ན་མེད་པར་གཟིགས་ཏེ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་སྐབས་ཡིན་ཀྱང་རྟེན་འབྱུང་མཐའ་བརྒྱད་དང་བྲལ་བ་སྨྲ་བ་ཟླ་མེད་པ་བྱས་ཏེ་བསྟོད་ཕྱག་དང་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་ཡོད། ཅེས་སོགས་ནང་པའི་ཆོས་འཛམ་གླིང་དུ་སྤེལ་རྒྱུའི་སྐད་ཆ་མིན་པར་ནང་ཆོས་ནང་གི་རྣམ་དཔྱོད་དེས་འཛམ་གླིང་སྤྱིར་ཕན་ཐོགས་ཞབས་འདེགས་སྒྲུབ་རྒྱུ་གང་ཡོད་མེད་དང་སོ་སོའི་ཕ་མེས་ཆོས་ལུགས་བྱེད་དགོས་པའི་དགོས་སྐོར་ལ་བཀའ་སློབ་ཕེབས་རྗེས་ཆོས་ཐུན་འཕྲོས་སྐྱོང་སྩལ་གནང་མཛད་ཡོད། དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༣།༡༥ ཐོག་ཆོས་ཐུན་མ་གྲོལ་མཚམས་དེར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་བཀའ་སློབ་ཕེབས་དོན། སང་ཉིན་སྔ་དྲོ་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་གནང་རྒྱུ་དང་། དེའི་སྔོན་ལ་སྟ་གོན་སེམས་བསྐྱེད་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་དང་ཁྱིམ་པ་ཕོ་མོ་དགེ་བསྟེན་སྒྲུབ་འདོད་པ་རྣམས་ལ་དགེ་བསྙེན་སྡོམ་པ་འབོག་ཆོག་གནང་གི་ཡིན། ཞེས་གསུང་རྗེས་སང་ཉིན་བྱང་ཆུབ་ཀྱི་སེམས་བཟུང་རྒྱུ་དང་སྡོོམ་པ་འབོག་རྒྱུ་ཡིན་དུས་བླ་མ་སློབ་མའི་འདུ་ཤེས་བཟུང་དགོས་དུས་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡོད་ན་མ་ཡོང་རོགས་དམ་ཚིགས་གཙང་མ་ཞིག་དགོས་སོགས་ཀྱི་བཀའ་སློབ་དུམ་བུ་ཞིག་ཕེབས་རྗེས་ཆོས་འབྲེལ་མཇུག་སྒྲིལ་གནང་ཡོད།
ད་ཐེངས་གསུང་ཆོས་སྦྱིན་བདག་ནས་ཉིན་རེ་ཆོས་རའི་ནང་གསོལ་ཇ་དུས་གསུམ་དང་བཞེས་བག་དུས་གཉིས་ཆོས་ཞུ་བ་ཡོངས་ལ་གནང་གི་ཡོད་པ་མ་ཟད། མ་སུར་རི་བོད་ཁྱིམ་སློབ་ཕྲུག་གུང་སེང་གནས་སྐོར་ཁག་གཅིག་དང་གདན་སའི་གྲྭ་བཙུན་ན་གཞོན་ཁག་གཅིག་བཅས་ནས་གསོལ་ཇ་ཞུ་བཞིན་པ་དང་། དེ་བཞིན་ཝར་ཎཱའི་སློབ་ཕྲུག་གྱིས་ཆོས་རའི་གཡས་གཡོན་གཙང་སྦྲ་ཁོར་ཡུག་སྲུང་བས་མཚོན་ཆོས་ཞུ་བ་ཕེབས་ཕྱོགས་སོགས་གང་ཅིའི་ཐད་མཐུན་འགྱུར་རྒྱ་ཆེ་གནང་བཞིན་འདུག་པ་བཅས་སུ། དེ་ནས་སང་ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཀྱང་གནང་གི་ཡོད་འདུག་པ་བཅས།།