༢༠༡༢ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་དྲལ་བོད་ཡིག་ཚན་པའི་གསར་འགོད་པ་བསྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་སྔ་དྲོ་ ༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྙིང་མ་དགོན་གྱི་རྒྱལ་བའི་ཕོ་བྲང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་མཆོག རྒྱུད་སྨད་མཁན་པོ་བཀྲིས་ཚེ་རིང་མཆོག དད་ལྡན་གསུང་ཆོས་ཀྱི་སྦྱིན་བདག་འཐུས་ཚབ་གཞན་བཅས་ཀྱིས་དུང་རྒྱ་སྤོས་སྣེས་མངོན་བསུས་ཏེ་ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ལམ་རིམ་གསོལ་འདེབས་དང་ཡོན་ཏན་གཞི་གྱུར་མ་གསུང་འདོན་མཚམས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན།
ང་ཚོ་བཙན་བྱོལ་སླེབས་ཏེ་འགོ་སྟོད་ཡིན་ན་སྐྱབས་མེད་མགོན་མེད་སྟེང་ལ་ང་ཚོ་ཚང་མས་སེམས་ཤུགས་སྐྱེས་ཏེ་དགེ་འདུན་པ་ཚོ་སྦག་ས་ཆོས་སྒར་མེ་ས་མ་རིར་ཐོག་མ་ཡོང་དུས་དགེ་འདུན་སློབ་གཉེར་བ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སློབ་གཉེར་དེ་དག་ཟུར་དུ་སྡོད་ས་ཞིག་དགོས་ཀྱི་འདུག མི་མང་རྣམས་མེ་ས་མ་རིའི་ཚ་བའི་ནང་ནས་ས་བསིལ་ས་ཞིག་ལ་གཏོང་རྒྱུ་དེ་ཡང་འཚོ་བ་འཁྱོལ་ས་ཞིག་བསམ་བློ་གཏོང་དགོས་དུས་སྐབས་དེར་གཞན་གང་ཡང་བྱེད་རྒྱུ་མེད་ལམ་བཟོར་འགྲོ་རྒྱུ་རེད། ཅམ་པ་དང་། ཀུ་ལུ། འབྲས་ལྗོངས་ཁུལ། དེ་དུས་དགེ་འདུན་པ་ཡང་མང་པོ་ཞིག་ཡོད། ད་ཆ་ཁྱེད་རང་ཚོ་འགའ་ཤས་ལྷག་ཡོད་དམ། ཅམ་པར་ཧ་ལམ་དགེ་འདུན་པ་སྟོང་ཕྲག་ཡས་སྨད་ཡོད། ངོས་རང་ཅམ་པའི་ལམ་བཟོར་ལྟ་བར་ཕྱིན་པ་ཡིན་སྐབས་དེར་གསོ་སྦྱོང་ཞིག་འཁེལ་ཏེ་ཚོགས་པ་རེད་དགེ་འདུན་པ་ཚོར་གྲྭ་ཆས་མེད་པར་གུ་ཐུང་སྟོད་ཐུང་ཐེབས་ཆག་རེ་ལས་གྱོན་རྒྱུ་མེད་དམིགས་བསལ་མིན་འགྲོ་དེ་དུས་ཕུ་ཐུང་མར་ཕུད་ནས་ང་ཚོས་གསོ་སྦྱོང་ཚོགས་པ་ཡིན། དེ་རྗེས་རྒྱ་གར་གཞུང་ལ་རིམ་པས་ཞུས་རྗེས་དགེ་འདུན་པ་ ༡༥༠༠ ཙམ་ཞིག་སྦར་སར་སྔོན་མ་དབྱིན་ཇིའི་སྐབས་བཙོན་ཁང་ཡིན་པ་ཞིག་ནང་དགེ་འདུན་པ་ཚོ་བཞུགས་རྒྱུའི་གྲ་སྒྲིག་བྱུང་ཡོད་ཀྱང་འཚོ་བ་དང་ས་ཆུ་མི་འཕྲོད་པ་ལས་གློ་ནད་ན་མཁན་ཇེ་མང་བྱུང་སྟེ་རིམ་པས་གཞིས་ཆགས་ཁག་ཏུ་གདན་ས་ཁག་ཚུགས་སྐོར་དྲན་གསོ་དང་སྦྲགས་བཀའ་སློབ་སྩལ།
གཞན་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བཀའ་འགྱུར། གཏན་འགྱུར་པོ་ཏི་སུམ་བརྒྱའི་ནང་ནས་བརྗོད་བྱ་དུམ་བུ་གསུམ་དུ་ཕྱེ་ཏེ་སེམས་ཁམས་རིག་པ། དངོས་ཁམས་རིག་པ། དེ་བཞིན་འཛམ་གླིང་ཆག་འཇིག་དང་ཞིབ་ཚགས་པོ་དེ་ཚོར་ཚན་རིག་པ་དང་ང་ཚོའི་གཞུང་ནས་གསུང་པ་མི་མཐུན་པ་ཡོང་གི་ཡོད། སྤྱི་ཡོངས་ཐོག་ནས་འབྱུང་བ་ལྔའི་བདག་ཉིད། རྒྱུད་བླ་མའི་ནང་ནས་གསུངས་པ་ལྟར། ནམ་མཁའ། རླུང་། མེ། ས། སྐྱེས་རིམ་དེ་དག་བཤད། འབྱུང་བ་བསྡུས་རིམ་དེ་ས། ཆུ། མེ། རླུང། ནམ་མཁའ་བྱས་ཏེ་ནམ་མཁའི་དབྱིངས་ནས་ཚུར་ཤར་ནམ་མཁའི་དབྱིངས་ནས་ཕར་བསྡུས་འགྲོ་བ་ཚན་རིག་པས་ཤོད་རྒྱུ་དང་འདྲ་པོ་འདུག དེར་བརྟེན་སེམས་ཁམས་རིག་པ་དང་དངོས་ཁམས་རིག་པའི་སྐོར་ནས་ཡོད་པ་དེ་དག་ཚན་རིག་སྡེ་ཚན་དུ་ཕྱེ། འཛམ་གླིང་འདིའི་སྟེང་དངོས་ཁམས་རིག་པས་ཕོངས་མེད་ཀྱང་སེམས་ཁམས་རིག་པའི་ཐོག་ནས་ཕོངས་ཡོད། སངས་རྒྱས་པའི་གཞུང་ནས་ཞབས་འདེགས་ག་ཚོད་སྒྲུབ་ཐུབ་ཀྱི་འདུག དེ་ནས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཞིག་འདུག དེ་ནས་ནང་པའི་ལྟ་གྲུབ་སྡེ་ཚན་ཞིག་ཕྱེ། ལྟ་གྲུབ་ནང་སངས་རྒྱས་པའི་ཆོས་ནང་དུ་འབྲེལ་བའི་གནས་ཚུལ་ཁག་ཁག་རེད། སྤྱི་སྙོམས་ཀྱི་རྟེན་འབྲེལ་བལྟོས་གྲུབ་ཟེར་བ་དེར་ཚན་རིག་པས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག དེ་ཚོའི་གྲས་ཀྱི་མིའི་བློ་རྒྱ་གུ་ཡང་དུ་གཏོང་རྒྱུར་ཞེ་དྲག་གི་ཕན་ཐོགས་འདུག བཟང་ངན་གང་ཡིན་རུང་གཅིག་ལ་ཨ་ཐད་དུ་འཛིན་པར་ལྷུག་ཏུ་གཏོང་རྒྱུར་ཞེ་དྲག་ཕན་ཐོགས་འདུག ལྟ་གྲུབ་སྐོར་སྡེ་ཚན་གཅིག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་ཐུབ་རྒྱུ་ཞིག་དང་། འཛམ་གླིང་སྤྱིའི་ཤེས་བྱའི་སྡེ་ཚན་ནང་འཇོག་ཐུབ་རྒྱུ་ཞིག་ཏན་ཏན་རེད། དེ་སྡེ་ཚན་གཅིག་བྱས། དེ་ནས་སངས་རྒྱས་པའི་ཆོས་སྐོར་སྡེ་ཚན་གཅིག སྡེ་ཚན་དེ་ང་རང་ཚོ་སངས་རྒྱས་པ་ཙམ་མ་གཏོགས་འཛམ་གླིང་སྤྱི་ལ་འབྲེལ་བ་མེད། སེམས་ཁམས་རིག་པ་དང་ལྟ་གྲུབ་སྐོར་དེ་དག་འཛམ་གླིང་ལ་ཕན་ཐོགས་རྒྱུ་དང་འབྲེལ་བ་ཞིག་ཡིན་དུས་ངོས་ཀྱི་ནམ་རྒྱུན་ཁ་ཆེའི་ཆོས་གྲོགས་ཚོར་ཤོད་ཀྱི་ཡོད། ཁྱེད་རང་ཚོའི་ཆོས་ནང་པ་མིན་པར་སོ་སོའི་ཆོས་ལུགས་ཡོད་རེད།
འོན་ཀྱང་རྟེན་འབྱུང་གི་ལྟ་བ་ཟེར་བའི་ལྟ་གྲུབ་དེ་བཤད་ས་ནང་པའི་གཞུང་ནས་བཤད་ཡོད་ཅིང་། དེས་འཛམ་གླིང་ཁོར་ཡུག་དང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་སྤྱིའི་ཁེ་ཕན་གང་དང་གང་ལ་ཡིན་ཡང་ལྟ་གྲུབ་དེ་འབྲེལ་བ་ཡོད་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་མཆོག་དང་རྒྱུད་སྨད་མཁན་པོ་བཀྲིས་ཚེ་རིང་མཆོག་རྣམ་གཉིས་ཀྱི་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་བསྟུན་ལམ་རིམ་བཀའ་ཁྲིད་དབུ་འཛུགས་བསྐྱངས་གནང་མཛད་སོང་བ་བཅས་སུ།།