༢༠༡༢ ཟླ་ ༡༢ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༧ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཁོང་གི་ཕྱག་རོགས་སུ་ལས་བྱེད་ཚེ་རིང་སྟོབས་རྒྱལ་ལགས་ལྷན་བཅར་གྱིས་ར་ཇི་སྤུར་དུ་འཁོན་རིགས་བསྟན་པའི་གཙུག་རྒྱན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་འཆི་མེད་བདུད་རྩིའི་རོལ་མཚོ་བྱ་བའི་ཆོ་གའི་སྒོ་ནས་གཞུང་འབྲེལ་བརྟན་བཞུགས་ཕུལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བཀའ་བློན་མཆོག་གིས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཁོན་སྤྲུལ་གདུང་སྲས་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། རྒྱལ་སྲས་བླ་སྤྲུལ་དང་དགོན་པའི་ལས་སྣེ། དེ་བཞིན་ས་གནས་འགོ་འཛིན་འཇིགས་མེད་འཕྲིན་ལས་ལགས་དང་ལྷན་མཆོད་རོལ་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གཟིམ་ཆུང་སྒྲོལ་མ་ཕོ་བྲང་ནས་ཆོས་སྒར་གྱི་ཚོམས་ཆེན་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་འཁོད་བསྟུན་དབུ་མཛད་ནས་བརྟན་བཞུགས་ཀྱི་ཞལ་འདོན་དབུ་འཛུགས་གནང་། འདུས་ཚོགས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་སྒོམ་བཟླས་ལ་མཉམ་པར་བཞག དེའི་མཚམས་སུ་གསོལ་ཇ་འབྲས་སིལ་ཕུལ་བ་དང་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྙན་སྒྲོན་ཞུས།
ཆོ་གའི་ཚིག་རིམ་དང་བསྟུན་རྡོར་སློབ་འཁོན་སྤྲུལ་གདུང་སྲས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གསོལ་འདེབས་མཎྜལ་མཚོན་བུ་སོ་བདུན་མའི་ལྗགས་བཤད་གནང་ཞིང་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས། ཆོས་རིག་བཀའ་བློན་མཆོག་གིས་མཎྜལ་ཚོམས་བུ་སོ་བདུན་མ་འདེགས་འབུལ་དང་བཞུགས་ཁྲིར་རྟེན་དཀར་རྡོ་རྗེ་ཕུལ་ཏེ་མཇལ་ཁ་ཞུས། རྡོར་སློབ་མཆོག་གིས་ཆོ་གའི་ཚིག་མཚམས་བཞིན་བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། ན་བཟའ། འདོད་ཡོན་སྣ་ལྔ་ལ་སོགས་པའི་མཆོད་རྫས་རྣམས་ཀྱང་རིམ་བཞིན་ཕུལ་རྗེས། ས་གནས་འགོ་འཛིན་དང༌། བླ་སྤྲུལ་དགེ་བཤེས་སོགས་ཀྱིས་རིམ་བཞིན་མཇལ་ཁ་ཞུས།
དེ་ནས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས། བོད་མིའི་སྒྲིག་འཛུགས་དང་ཆོས་རིག་ལས་ཁུངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་སྙིང་བསྡུས་ཤིག་གནང་ཡོད། དེ་ནས་གཏང་རག་ཆོ་ག་དང་བསྟན་རྒྱས་སྨོན་ལམ་གསུང་སྐབས་སྐུ་ཡོན་ཕུལ་བ་དང་། བསྔོ་སྨོན་གྲུབ་མཚམས་སྤྱན་རྒྱ་མཆོད་རོལ་སྤོས་སྣེས་སྔོན་བསུས་ཏེ་་ཆོས་རིག་བཀའ་བློན་མཆོག་གིས་དབུས་འཁོར་ཚོགས་ནས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་སྒྲོལ་མ་ཕོ་བྲང་དུ་ཕྱིར་གདན་འདྲེན་ཞུས།
དེ་ནས་བདག་ཁྲི་རིན་པོ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཉིན་དགུང་གསོལ་ཚིགས་བཞེས་ཏེ་དཔལ་ས་སྐྱ་པའི་དབུ་ཁྲིད་འཁོན་རིགས་བརྟན་པའི་གཙུག་རྒྱན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་རེ་ཞིག་ལེགས་པར་གྲུབ་ཡོད་པ་བཅས།།