༢༠༡༢ ཟླ་ ༩ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བོད་རྒྱ་ཞི་མོལ་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་ “report on Tibet negotiations” ཞིག་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༤ ཉིན་ཕུལ་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་དང་རྒྱ་ནག་གཞུང་གི་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་དབར་བོད་རྒྱ་ཞི་མོལ་ཐེངས་དགུ་པ་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡ ཟླ་མཇུག་ནང་བྱུང་རྗེས་ད་བར་དངོས་སུ་ཐུག་འཕྲད་བྱུང་མེད། ཨ་རིའི་གཞུང་ནས་བོད་རྒྱ་ཕྱོགས་གཉིས་དབར་དོན་འབྲས་སོན་པའི་ཞི་མོལ་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཛ་དྲག་གི་གནས་སྟངས་མུ་མཐུད་གདོང་ལེན་བྱེད་བཞིན་པའི་དུས་སྐབས་འདིར། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་རྣམ་པས་མཐུན་འགྱུར་ཞུ་ཐུབ་རྒྱུ་ཡིན་པ་ཨ་རིའི་གཞུང་གིས་ཡིད་ཆེས་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་ལ་བོད་མིའི་སྤྱི་ཚོགས་ནང་ངོས་ལེན་ཞུ་བཞིན་ཡོད་པ་མ་ཟད། ཁོང་ལ་བོད་མི་ཕལ་མོ་ཆེས་བརྩི་བཀུར་ཞུ་བཞིན་ཡོད། ཁོང་གིས་འཚེ་མེད་ཞི་བའི་བཞེངས་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཛད་བཞིན་པ་དེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་གིས་འབྲེལ་བ་བྱས་ཏེ་བོད་མིའི་དཀའ་ངལ་སེལ་རྒྱུ་དེ་བོད་མི་དང་རྒྱ་ནག་གཞུང་ལ་གཉིས་སྨན་གྱི་ཁེ་ཕན་ཞིག་ཆགས་ཡོད། དཀའ་ངལ་དེ་དག་སེལ་མ་ཐུབ་ཚེ་རིམ་བཞིན་རྒྱ་ནག་ནང་དུ་གནས་སྟངས་ཛ་དྲག་ཏུ་ཕྱིན་ནས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་བར་ཆད་ཡོང་རྒྱུ་ཡིན།
པེ་ཅིང་སྲིད་གཞུང་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དབར་དོན་འབྲས་སོན་པའི་གྲོས་མོལ་ཡོང་ཐབས་བྱ་རྒྱུ་དེ་ཨ་རིའི་ཕྱི་འབྲེལ་གྱི་སྲིད་བྱུས་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོས་རྒྱུན་དུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐད་ཀར་ཞི་མོལ་གྱི་ལམ་ནས་ཕྱོགས་གཉིས་ཀྱི་མི་མཐུན་པ་རྣམས་སེལ་དགོས་པའི་རྒྱབ་སྐྱོར་མུ་མཐུད་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༡༠ ལོའི་ཟླ་འགོ་ཙམ་ནས་ད་བར་བོད་རྒྱ་ཞི་མོལ་ཐེངས་དགུ་བྱུང་ཡོད་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་བྱུང་མེད་པ་མ་ཟད། དུས་དེ་ནས་ད་བར་ཞི་མོལ་ཐེངས་གཅིག་ཀྱང་བྱུང་མེད་པ་དེར་ང་ཚོར་ཧ་ཅང་བློ་འཚབ་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་མཛད་དེ་ཁོང་གི་ཆབ་སྲིད་ཀྱི་སྐུ་དབང་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་ཡོད། ད་ལྟའི་ཛ་དྲག་ཆེ་བའི་གནས་སྟངས་འོག་བོད་རྒྱ་ཞི་མོལ་ཐེངས་བཅུ་པ་དེ་འགོ་བཙུགས་ཀྱིས་བོད་མིའི་དཀའ་ངལ་སེལ་རྒྱུ་ནི་བཟང་ཕྱོགས་ཀྱི་གོམ་སྟབས་ཤིག་ཆགས་རྒྱུ་ཡིན་ནའང། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་དེ་ལྟར་ལག་བསྟར་བྱ་རྒྱུར་ང་ཚོས་རེ་བ་དེ་ཙམ་མཐོང་གི་མི་འདུག ཅེས་སོགས་འཁོད་ཡོད་པ་མ་ཟད། བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེས་ཡིན་སྐོར་སོགས་འཁོད་ཡོད། དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་འབྲེལ་ལམ་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་ཊོ་ཌི་སི་ཊེན་Todd Stein མཆོག་གིས་གསུངས་དོན། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་རེ་བ་ཇི་འདྲ་ཞིག་འཆང་བཞིན་ཡོད་པ་དེ་གསལ་པོ་ཞུས་ན། བོད་ནང་དམ་བསྒྲགས་མཚམས་འཇོག་གིས་ཛ་དྲག་གི་གནས་སྟངས་ཞི་འཇམ་ལྡན་པ་ཞིག་བཟོ་རྒྱུ་མ་ཟད། བོད་ཀྱི་དཀའ་ངལ་སེལ་ཆེད་གྲོས་མོལ་གྱི་མདུན་ཅོག་སྟེང་ཡོང་རྒྱུ་དེ་ཡིན།ཞེས་གསུངས།
སྤྱིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་ཐོག་ལོ་ལྟར་སྙན་ཐོ་འབུལ་སྲོལ་ཡོད་པ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ཐོག་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ Tibetan Policy Act of 2002 ཞེས་པའི་སྒྲིག་གཞིའི་འོག་གཏན་འབེབས་གནང་བའི་ལག་ལེན་གྱི་ཆ་ཤས་ཤིག་ཡིན་འདུག ཐེངས་འདིའི་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ ཟླ་ ༡ ནས་ཟླ་ ༤ བར་གྱི་བོད་ནང་གི་གནས་སྟངས་སྐོར་སོགས་འཁོད་ཡོད་པ་བཅས།།