༢༠༡༢ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ ཉིན་ལུ་རྡི་ཨ་ན་ནས་སྔ་དྲོ་ཆུ་ཚོད་ ༦ པར་ཐོན་ཏེ་སྔ་དྲོ་ཆུ་ཚོད་ ༡༡་༠༠ ལ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཅནྡི་སྒར་ས་གནས་རང་ཚོགས་དང་ས་གནས་གཞོན་ནུའི་ཚོགས་གཙོ་སོ་སོར་བརྒྱུད་སྤྲོད་གནང་། སེག་ཊར་ ༡༦ དུ་ཀ་ལ་བྷ་ཝན་ཚོགས་ཁང་དུ་མཛད་སྒོ་ཚོགས། མཛད་སྒོའི་སྐུ་མགྲོན་གཙོ་བོ་དེ་སྔ་ཅནྡི་སྒར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ད་ཆ་དགུང་ལོ་ ༨༥ སོན་པ་སྐུ་ཞབས་བལ་རམ་ཇི་དཱས་ཊོན་ཌོན་ (Shri Balram Ji Das Tondon) མཆོག་གདན་ཞུས་ལྟར་ཕེབས་ཡོད། གཞན་ཡང་སྐུ་མགྲོན་དུ་ཁྲིམས་རྩོད་པ་ཌོག་ཊོར་ཨར་ཝིནྡ་ཐཱ་ཀུར་(Dr.Arvind Thakur, International Human Rights Councilor & Solicitor International Member-Amnesty International London Member-International Bar Association (U.K) Member: Anti Corruption Committee of IBA.)དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་འོས་བསྡུའི་འབྲེལ་མཐུད་པ་དང་ཀེ་ཤབ་མཉམ་འབྲེལ་གྱི་འགན་འཛིན་སྐུ་ཞབས་ར་ཇིན་ཌུ་རན་ཅེ་ཏི་ཡར།(Mr. Rajenduren Chettiyar) བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་ར་ཇིན་དར་ཤར་མ་ (Mr.Rajinder Sharma) སོགས་ཕེབས་ཡོད། མཛད་སྒོའི་ཐོག་མར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་དབང་དམིགས་ཡུལ་སོགས་ངོ་སྤྲོད་གནང་། དེ་ནས་རིམ་བཞིན་ཨར་ཝིནྡ་ཐཱ་ཀུར་དང། ར་ཇིན་ཌུ་རན་ཅེ་ཏི་ཡར་དང་སྐུ་མགྲོན་གཙོ་བོ་བཅས་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བདེན་པའི་མེ་ལྕེ་ནམ་འཁར་བཏེགས་ཏེ་ས་རྟགས་བརྒྱབ་ཡོད། དེ་ནས་རིམ་བཞིན་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་བཅས་ནས་ས་རྟགས་བཀོད་ཡོད། དེའི་རྗེས་རྒྱུན་ལས་རྣམས་སེག་ཊར་ ༡༧ སེག་ཊར་ ༡༥ པན་ཇབ་གཙུག་ལག་སློབ་གྲྭ་བཅས་སུ་ཆ་བགོས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་ས་རྟགས་བསྡུ་རུབ་གནང། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་སྤྱི་འཐུས་པདྨ་འབྱུང་གནས་དང་རྒྱུན་ལས་གཉིས་བཅས་གནད་ཡོད་མི་སྣ་ཁག་གི་སྒོ་དང་སྒོར་བཅར་ནས་ས་རྟགས་བསྡུ་རུབ་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་རྗེས་མཛད་སྒོ་གྲོལ་རྗེས་སེག་ཊར་ ༣༧ པན་ཇབ་བྷི་ཇེ་པི་ལས་ཁུངས་སུ་བཅར་ཏེ་མི་སྣ་གནད་ཡོད་མང་པོ་ཞིག་ནས་ས་རྟགས་ཞུས། དེ་ནས་ཕྱི་དྲོ་ཆུ་ཚོད་ ༣་༠༠ ཐོག་པན་ཇབ་གཙུག་ལག་སློབ་གྲྭ་ནས་སེ་ཊར་ ༡༧ བར་བདེན་པའི་མེ་ལྕེ་ཐོགས་ཏེ་ཞི་བའི་གོམ་འགྲོས་གནང་བ་དང་སེག་ཊར་ ༡༧ ལ་སྐད་འབོད་ངང་ཙམ་གནང་རྗེས་ས་གནས་སུ་བདེན་པའི་མེ་ལྕེ་མཇུག་སྒྲིལ་གནང་། ཕྱི་ཚེས་ ༣ ཉིན་ཚགས་པར་མང་ཆེ་བའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གནས་ཚུལ་རྒྱས་བསྡུས་གང་ཙམ་ཞིག་ཐོན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ སྔ་དྲོ་ཆུ་ཚོད་ ༡༡ ཐོག་མཐོ་སློབ་སློབ་གཉེར་བ་བཞིས་ས་གཞིས་སྤུ་རུ་ཝ་ལར་བརྒྱུད་སྤྲོད་ཆེད་ཐོན་ཡོད་པ་བཅས།།