༢༠༡༢ ཟླ་ ༩ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ཉིན་ཇར་མན་ནང་ཚོགས་པའི་རྒྱལ་སྤྱིའི་རྩོམ་སྒྲིག་མཁས་པའི་ལྷན་ཚོགས་ཀྱི་དུས་སྟོན་ཐེངས་བཅུ་གཉིས་པའི་སྒོ་འབྱེད་ཐོག་རྒྱ་རིགས་རྩོམ་པ་པོ་ལེའུ་ཡེ་ཕུང་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ་དམག་དཔུང་ཁྱོན་ཆེ་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་མཐའ་བསྐོར་ཏེ་གྲོང་ཁྱེར་ནང་འགྲོ་མཁན་མི་དམངས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ནས་བསད་པ་མ་ཟད། གནམ་བདེའི་སྒོ་མོའི་ཐང་ཆེན་དུ་ཞི་རྒོལ་བ་མང་པོ་ཞིག་དམར་གསོད་བྱས་པར་བརྟེན་འཛམ་གླིང་མི་མང་རྣམས་ཧ་ལས་ཧོན་ཐོར་གྱི་གནས་སུ་གྱུར་བ་རེད། ལོ་དེའི་ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམར་གསོད་བཏང་ཡོད་ནའང། གནས་ཚུལ་དེའི་སྐོར་རྒྱ་ནག་གཞུང་ནས་བཀག་སྡོམ་བྱས་པར་བརྟེན་འཛམ་གླིང་ཕྱི་ཕྱོགས་ཁྱབ་ཐུབ་པ་བྱུང་མེད། དེ་བཞིན་སྐབས་དེར་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་མེད་སྟབས། བཅིངས་འགྲོལ་དམག་མིས་ཡ་ང་སྙིང་རྗེ་མེད་པར་དམར་གསོད་བཏང་བའི་མི་མང་རྣམས་བརྙན་དཔར་སོགས་ནང་འཁོད་ཐུབ་པ་བྱུང་མེད། ཕྱི་ལོ་ ༢༠༠༨ ཟླ ༣ ཚེས་ ༡༤ ཉིན་རྒྱ་ནག་གུང་ཁྲན་ཏང་གིས་བོད་མིའི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལྷག་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་མིས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་ལ་རང་དབང་དགོས་ཞེེས་སོགས་ཀྱི་འབོད་སྒྲ་བསྒྲགས་དང་སྒྲོག་བཞིན་ཡོད། འདི་ལོ་ཟླ་བ་བདུན་པའི་ཟླ་མཇུག་བར་ཁྱོན་བོད་མི་བཞི་བཅུ་ཞེ་དགུས་རང་ལུས་མེར་སྲེག་བཏང་ཡོད། ཅེས་གསུངས་ཡོད།
ལྷག་པར་ཁོང་གིས་ཇར་མན་ཕྱི་སྲིད་བློན་ཆེན་མཆོག་ལ་གནས་འཕྲིན་ཞིག་ཕུལ་ཡོད་པའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་མཁྱེན་གསལ་ལྟར། འདས་པའི་ལོ་ནས་བཟུང་བོད་ནང་ཆབ་སྲིད་ཀྱི་གནད་དོན་ཐོག་སྔོན་ཆད་བྱུང་མ་མྱོང་བའི་རང་སྲོག་བློས་གཏོང་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་ལོ་མང་ནས་བོད་དོན་ཐོག་དོ་སྣང་བྱེད་མཁན་ཞིག་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུ་མྱོང་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གི་ལས་འགུལ་དེ་འཕྲལ་དུ་མཚམས་འཇོག་ཡོང་བའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་འདུག་སྙམ་གྱི་ཡོད། ཅེས་སོགས་གསུངས། །
ཇར་མན་ནང་ཚོགས་པའི་རྒྱལ་སྤྱིའི་རྩོམ་སྒྲིག་མཁས་པའི་ལྷན་ཚོགས་ཐོག་རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ།
གསར་གནས།

འབྲེལ་གནས།
