༢༠༡༢ ཟླ་ ༨ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢ ཉིན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་སྐབས་གསུང་བཤད་གནང་དོན། ཚང་མའི་ཤེས་གསལ་རེད། ཁ་སང་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་གཉའ་ལམ་ནས་ཡིན་པ་ངག་དབང་ནོར་འཕེལ་ལགས་ཟི་ལིང་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག དེ་ཡང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་སྒ་སྐྱེ་རྒུ་མདོར་བསྟན་འཛིན་མཁས་གྲུབ་ལགས་དང་ངག་དབང་ནོར་འཕེལ་ལགས་གཉིས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱིས་བོད་ཀྱི་རྒྱལ་དར་ལག་ཏུ་འཁྱེར་ཏེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་དགོས། ཞེས་འབོད་སྒྲ་སྒྲོགས་བཞིན་ལུས་པོ་མེར་སྲེག་བཏང་ཡོད། སྐབས་དེར་སྒ་སྐྱེ་རྒུ་མདོ་ནས་ཡིན་པའི་བསྟན་འཛིན་མཁས་གྲུབ་ལགས་ཉིན་དེར་འདས་གྲོངས་སུ་གྱུར་ཡོད།
འོན་ཀྱང་ངག་དབང་ནོར་འཕེལ་ལགས་ཁ་སང་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཟི་ལིངསྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག ངག་དབང་ནོར་བུ་ལགས་ཀྱིས་གཙོས་རྒྱས་གཅེས་པ་འདས་གསོན་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད། དཔའ་བོ་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང། ཁོང་གི་རྗེས་ཤུལ་ཕ་ལྷག་པ་དོན་གྲུབ་དང་མ་ཚེ་རིང་དབྱངས་སྐྱིད་གཉིས་ཀྱིས་གཙོས་པའི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེའི་ཐོག་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། དེ་བཞིན་ང་ཚོས་ཤེས་གསལ་ལ་རྒྱལ་གཅེས་པ་ ༤༤ ཙམ་གྱི་རང་ལུས་མེར་སྲེག་བཏང་ཡོད་པ་དང། དེའི་ཁོངས་ནས་ ༣༥ འདས་གྲོངས་སུ་གྱུར་ཡོད། རྒྱལ་གཅེས་པ་དེ་དག་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དེར་ང་ཚོས་གུས་འདུད་ཆེན་པོ་ཞུ་བཞིན་ཡོད། ཁོང་རྣམ་པའི་རེ་འདུན་ནི་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ། བོད་ལ་རང་དབང་དགོས་པ་དེ་ཡིན་སྟབས། ང་ཚོ་རང་དབང་ལུང་པར་ཡོད་མཁན་གྱི་ལས་འགན་དེ་སྒྲུབ་ཐུབ་མ་ཐུབ་ང་ཚོས་རང་ཉིད་ལ་དྲི་བ་དྲིས་དགོས། ཁོང་རྣམ་པའི་རེ་འདུན་དེ་སྒྲུབ་པར་འགན་ཤུགས་ཆེ་འཁྱེར་པའི་ཐོག་ནས་ལས་འགུལ་མང་དག་ཅིག་ལྷག་བསམ་དང་ཆིག་སྒྲིལ་གྱི་ནུས་པ་སྟོན་པའི་སྒོ་ནས་སྤེལ་རྒྱུ་དེ་དགོས་པ་རྒྱུ་མཚན་ཆེན་པོ་མཐོང་གི་འདུག དེར་བརྟེན་ང་ཚོ་ཚང་མས་དེ་སེམས་ལ་བཞག་དགོས།
ང་ཚོས་གཙུག་ལག་ཁང་ནང་འཛོམས་ནས་དེ་གྲོལ་མཚམས་ང་ཚོའི་ལས་འགན་དེ་རྫོགས་མེད། ང་ཚོར་ཉིན་མཚན་དུས་དྲུག་ཏུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་གི་གཅེས་པའི་སྲོག་བློས་གཏོང་གནང་བ་དེར་ང་ཚོ་འདིར་འཛོམས་ཏེ་མཆོད་འབུལ་སྨོན་ལམ་བྱས་པ་ཙམ་གྱི་འགྲིག་གི་མེད། ང་ཚོ་ཚང་མར་འགན་ཆེན་པོ་ཞིག་ཡོད་པ་ཚང་མས་ཐུགས་ལ་བཞག་རོགས་གནང་ཞུ་རྒྱུ་ཡིན། གཉིས་ནས་ད་ལྟ་བར་དུ་དེ་ལྟར་གནང་བ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ང་ཚོའི་མི་རྣམས་སྡུག་བསྔལ་ཆེན་པོ་མྱངས་ཏེ་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གནང་པ་རྣམས་ང་ཚོས་གསལ་པོ་དང་ཞིབ་ཚགས་དངོས་ཡོད་གནས་ཚུལ་ཐོག་ནས་རླུང་འཕྲིན་དང། གསར་འགྱུར་བརྒྱུད་ལམ་ཁག་ལ་སྟོན་ཐུབ་མ་སོང་བསམ་པའི་སོ་སོ་རང་ཉིད་ལ་སེམས་འཚབ་དང་བློ་ཕམ་བྱུང། ངས་ཉེ་ཆར་ཨ་རི་དང་ཡུ་རོབ་ཀྱི་བོད་རིགས་ཚང་མར་དེའི་ཐོག་འགན་ཡོད་སྐོར་ཞུས་པ་ཡིན། ཁོང་རྣམ་པའི་སྲོག་བློས་གཏོང་གནང་བ་དེར་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་སྤེལ་གཞི་རྒྱ་ཆེན་པོ་ཞིག་གནང་དགོས་པ་ཧ་ཅང་གལ་ཆེན་པོ་འདུག ཉེ་ཆར་ཨ་རིའི་གློག་བརྙན་འཁྲབ་མཁན་ཞིག་ལ་གློག་བརྙན་ནང་ལུས་པོ་མེར་སྲེག་བཏང་བའི་གློག་བརྙན་ཞིག་འཁྲབ་རོགས་ཞེས་ཞུས་ཏེ་ཁོང་ལ་བོད་ནང་འདི་ལྟར་བྱུང་བ་རེད་ཅེས་འདྲ་པར་ཁག་སྟོན་སྐབས་ཁོང་གིས་མིག་ཆུ་བཏང་འདུག ཁོང་གིས་ཁྱེད་རང་ཚོས་གློག་བརྙན་བཟོས་དང་ངས་གློག་བརྙན་འཁྲབ་ཆོག དུས་རྒྱུན་ངས་གློག་བརྙན་འཁྲབ་གླ་ཆེན་པོ་ལེན་གྱི་ཡོད། འོན་ཀྱང་འདི་ལྟ་བུའི་འཁྲབ་སྟོན་བྱེད་རྒྱུར་ངས་གླ་ཆ་ལེན་གྱི་མིན།
ངས་ད་བར་འདི་ལྟ་བུའི་པར་མཐོང་མྱོང་མེད། པར་འདི་དག་མཐོང་བ་ཙམ་གྱིས་ང་རང་ཧ་ལས་སོང་ཞེས་བརྗོད་ཡོད། ཉེ་ཆར་ཨ་རིའི་མངའ་སྡེ་ལོ་སི་ཨེན་ཇི་ལི་སིར་གློག་བརྙན་དེ་འཁྲབ་སྟོན་བྱས་ཏེ་ལུས་པོར་མེར་སྲེག་རྫུན་མ་བཏང་སྟེ་འཁྲབ་སྟོན་བྱེད་སྐབས་དེར་ཡོད་རྒྱ་མི་རིགས་ཚོ་ཡང་ཧ་ལས་ཡོད། སྤྱིར་འཛམ་གླིང་ནང་དམག་འཁྲུག་བྱས་ཏེ་མི་ཁྲི་ཕྲག་མང་པོ་གསོད་རེ་བྱེད་ཀྱི་ཡོད། སྔ་ཕྱི་དང་དུས་ད་ལྟའང་བྱུང་ཡོད། འོན་ཀྱང་ད་ལྟ་ལྟ་སྐབས་ང་ཚོ་གཞིས་བྱེས་རྒྱལ་གཅེས་མི་མང་དེ་ཚོའི་སྙིང་སྟོབས་དང་། འཚེ་མེད་ཞི་བའི་ཐོག་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་ཆེད་རང་གི་གཅེས་པའི་ལུས་པོ་མེར་སྲེག་བཏང་བ་འདི་འདྲ་འཛམ་གླིང་གི་རྒྱལ་རབས་ནང་བྱུང་ཨ་ཡོད་བསམ་གྱི་འདུག དེར་བརྟེན་ང་ཚོས་དུས་རྟག་ཏུ་དམ་པ་དེ་དག་གིས་བྱས་རྗེས་སེམས་ལ་བཞག་པའི་ཐོག་ཉིན་མཚན་དུས་དྲུག་ཏུ་ཚང་མས་འགན་ཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་བཤད་གནང་ཡོད་པ་བཅས།།