༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ར་སྦང་ལ་ཀུན་ཕན་གླིང་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༢ ཉིན་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་འབྲས་ལྗོངས་ལྷོ་ཁུལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་དང་སློབ་དམག་སྒར་དུ་ཕེབས་ཏེ་དང་ཞབས་རྣམས་ལ་བླང་དོར་གྱི་གསུང་བཤད་གནང་ཡོད། དེ་རྗེས་གཞིས་ཆགས་ཀྱི་ཕེབས་སྒོ་དང་པོའི་མདུན་དུ་ས་འཐུས་ཚོགས་གཙོ་དང། སྡེ་ཚན་ཁག་གི་འགན་འཛིན། ལས་བྱེད། སློབ་ཕྲུག དེ་བཞིན་སེར་སྐྱ་མི་མང་བཅས་རུ་བསྟར་བསྒྲིགས་ཏེ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་རྔ་རོལ་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕེབས་སྒོ་གཉིས་པར་གླེ་ལུང་ཆོས་སྡེར་དགོན་པའི་བླ་མ་དང་དགེ་འདུན་པ་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ལྷ་ཁང་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད། དེ་ནས་རིམ་བཞིན་གནས་མཆོག་བསྡུས་པའི་ཆོག་ག་གསུང་འདོན་གནང་བ་དང་ཆབས་ཅིག་གཉགས་སྟོན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་དེར་འདུས་དགེ་འདུན་པ་རྣམས་ལ་གང་བློ་མའི་ལྗགས་ལུང་དང་གསུང་བཤད་གནང། དེ་བཞིན་ཆོས་སྡེའི་གཙུག་ལག་ཁང་གསར་དུ་བཞེང་རྒྱུའི་ས་གནས་སུ་ཕྱག་གནས་དང་ཐུགས་སྨོན་གནང་རྗེས་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དགོན་དུ་ཕེབས་སྐབས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཆུ་ཚོད་ ༡༠།༣༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་གཞིས་ལས་ཁང་གི་ལས་དྲུང་ནས་ལས་རིམ་སྙན་སྒྲོན་ཞུས་རྗེས་ས་གནས་འགོ་འཛིན་གྱིས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་དབུས་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་གཞིས་ཆགས་ཀྱི་ངོ་སྤྲོད་སྙིང་བསྡུས་སྙན་སྒྲོན་ཞུས། དེ་རྗེས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་གསུང་ཆོས་དངོས་གཞི་དབུ་འཛུགས་མ་གནང་གོང་གཞིས་ཆགས་ཀྱི་སེར་སྐྱ་ཕོ་མོ་དང། ཡུལ་མི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༢༠༠༠ ཙམ་འདུ་འཛོམས་བྱུང་བ་རྣམས་ལ་མིའི་ལུས་རྟེན་དལ་འབྱོར་རིན་པོ་ཆེ་ནི་ཤིན་ཏུ་བརྙེད་དཀའ་བ་དང་། མི་ལུས་རྟེན་བཟང་ཐོབ་པ་དེ་ཆུད་བཟོ་སུ་མ་འགྲོ་བར་ཚོགས་བསགས་སྒྲིབ་བྱང་གི་རྣམ་དཀར་དགེ་བའི་ལས་ལ་ཉིན་ཞག་དུས་འགྱངས་མ་སོང་བར་འཕྲལ་དུ་འབད་བསྒྲུབ་ཞུ་དགོས་པའི་མ་ཡིས་བུ་ལ་འདོམས་པ་བཞིན་ནང་ཆོས་ངོ་སྤྲོད་གནང་གྲུབ་མཚམས། མང་ཚོགས་ལ་འཕོ་ལུང་གསུང་ཆོས་དང། དེ་བཞིན་བླ་མའི་རྣལ་འབྱོར་གྱི་སྒོ་ནས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་གསུང་ཆོས་ཟབ་མོ་གནང་ཡོད་པ་མ་ཟད། ཆོས་འབྲེལ་མཇུག་བསྡོམས་སུ་བླང་དོར་གྱི་གསུང་བཤད་གནང་ཡོད། དེ་རྗེས་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་དང། མཉམ་དྲུང་བཅས་ཀྱིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་རིམ་བཞིན་དད་ལྡན་ཆོས་ཞུ་བ་རྣམས་ལ་མཇལ་མང་བཀའ་དྲིན་ཆེ་བ་གནང། དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ར་གླང་དཔལ་ཆེན་ཆོས་འཁོར་གླིང་དུ་ཕེབས་ཡོད་པ་བཅས།།
འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ར་སྦང་ལ་མི་མང་རྣམས་ལ་གསུང་ཆོས་དང་བླང་དོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།