༢༠༡༡ ཟླ་ ༣ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང། ཨི་ཊ་ལིའི་གདུང་སེམས་མཉམ་སྐྱེ་ལྷན་ཚོགས་བཅས་ཐུན་མོང་གིས་གོ་སྒྲིག་ཐོག་རིང་མིན་འཛམ་གླིང་གློ་ནད་ཉིན་མོ་སྲུང་བརྩིའི་ཆེད་རྡ་ས་གངས་སྐྱིད་ཐང་ཆེན་དུ་རུ་ཁག་དྲུག་ལས་གྲུབ་པའི་ལག་རྩེད་སྤོ་ལོ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བོད་གཞུང་བདེ་ལེགས་སྨན་ཁང་གི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་འདིར་ང་ཚོ་རྒྱལ་སྤྱིའི་གློ་ནད་ཀྱི་ཉིན་མོ་སྲུང་བརྩི་ཆེད་ལག་རྩེད་སྤོ་ལོ་འགྲན་བསྡུར་དབུ་འཛུགས་བྱེད་བཞིན་ཡོད། གློ་ནད་ཀྱི་ནད་གཞི་དེའི་ཐོག་གཞོན་སྐྱེས་ནང་ནས་དོ་སྣང་ཤུགས་ཆེ་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། ནད་གཞི་མང་ཆེ་བ་དེ་གཞོན་སྐྱེས་ཚོ་ན་ཡོང་གི་འདུག ང་ཚོའི་བོད་མིའི་ནང་གནས་སྟངས་འདི་ལྟར་ཆགས་ཡོད་སྟབས་བདེ་ལེགས་སྨན་ཁང་དང། འཕྲོད་བསྟེན་ལས་ཁུངས་གཉིས་མཉམ་རུབ་ཐོག་དམིགས་བསལ་གྱིས་སྔར་ལས་ལྷག་པ་དོ་སྣང་ཡོང་ཆེད་དགོངས་པ་བཞེས་སྟངས་དང་གསར་གཏོད་མི་འདྲ་བའི་ཐོག་ལས་འགུལ་ཞིག་སྤེལ་རྒྱུའི་ཐབས་ཤེས་གནང་གི་ཡོད། དེ་རིང་འདིར་མང་ཚོགས་དེ་ཙམ་ཕེབས་མེད་ཀྱང་མ་འོངས་པར་དེའི་ཐོག་ང་ཚོས་མུ་མཐུད་ཤུགས་རྒྱག་རྒྱུ་དེ་བོད་ཕྱི་ནང་གཉིས་ཀའི་གནས་ཚུལ་ཆགས་ཡོད། དེར་བརྟེན་ཕྱོགས་ཚང་མས་རྩེད་མོའི་འགྲན་བསྡུར་ཐུགས་སྣང་གནང་བ་ཙམ་མ་ཟད། ཕྱར་གྲུ་མཉམ་འདེགས་ཐོག་ནས་རྩེད་མོའི་འགྲན་བསྡུར་ནང་ཕེབས་ཐུབ་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གྲ་སྒྲིག་གནང་མཁན་ཚོ་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད། དེ་རྗེས་རྩེད་འགྲན་དབུ་འཛུགས་གནང་ཡོད་པ་བཅས།།