༢༠༡༡ ཟླ་ ༡ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པའི་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་མི་གྲངས་ཁྲི་གསུམ་ ༣༠༠༠༠ བརྒལ་བ་རྣམས་ལ་གནས་མཆོག་ཝ་ར་ཎ་སིའི་གསུང་ཆོས་ར་བའི་ནང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་བསྒོམ་རིམ་བར་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་འབྲས་སྤུངས་ཀྱི་དགེ་འདུན་པ་ཁག་གཅིག་གིས་དུང་རྒྱ་དང་གསུང་ཆོས་ཀྱི་སྦྱིན་བདག་གནང་མཁན་གྱི་འཐུས་མི་གསུམ་གྱིས་སྤོས་སྣེས་སྔོན་བསུས་ཏེ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཕོ་བྲང་ནས་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་འཕགས་པ་གནས་བརྟན་སྡེ་པའི་དགེ་འདུན་པ་ཁག་གཅིག་གིས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིངཔོ་བཏོན། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༡༨༠༠ བརྒལ་བ་དང་ཧི་མཱ་ལ་ཡི་རི་རྒྱུད་ནས་ཕེབས་པའི་ཆོས་ཞུ་བ་ ༦༠༠༠ དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་གསུམ་ཁྲི་བརྒལ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་བསྒོམ་རིམ་བར་པའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། གནས་མཆོག་ཝ་རཱ་ཎ་སི་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་དང་པོ་བདེན་བཞི་ཆོས་འཁོར་སྐོར་སའི་གནས་ཁྱད་པར་ཅན་བྱིན་གྱི་རླབས་པ་ཞིག་ཆགས་ཡོད་པས་དེ་རིང་འདིར་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་དེ་ང་ཚོ་ཚང་མ་སྐལ་པ་བཟང་པོ་རེད།
ངོས་ཀྱིས་ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་སྔོན་ལ་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྟོན་པར་གསོལ་བ་འདེབས་རྒྱུ་དང་། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་ཐོག་མར་ཆོས་ཀྱི་འཁོར་ལོ་སྐོར་བ་མཛད་སྐབས་ཕལ་ཆེར་གསུང་སྐད་དེ་རྒྱ་གར་གྱི་ཡོངས་གྲགས་ཀྱི་ཡུལ་སྐད་དེ་ཆགས་ཡོད་ངེས་རེད་ལ་ཡོང་དགོས་ཀྱི་ཡང་རེད། ཕྱིས་སུ་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་པཱ་ལིའི་ནང་ཡོད་པ་རེད། དེ་ནི་སངས་རྒྱས་ཀྱི་ཆོས་འབྱུང་རྩ་ལྟ་བུ་རེད། གདུལ་བྱ་དག་པའི་ངོ་བོར་ལེགས་སྦྱར་གྱི་ཆོས་འཁོར་སྐོར་བ་མཛད་པ་རེེད།
དཔེར་ན། ཤེས་རབ་སྙིང་པོའི་ནང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དང་དེ་བཞིན་ཤ་རིའི་བུ་སོགས་ཀྱིས་དྲི་བ་དྲིས་ལན་གནང་སྟེ་ཡོང་བ་ཞིག་ཡིན་པ་དེ་གདུལ་བྱ་ལས་དག་གི་ངོ་བོ་ཆགས་ཀྱི་རེད་མ་གཏོགས་གདུལ་བྱ་ཡོངས་གྲགས་ཀྱི་ངོ་བོར་ཆགས་ཀྱི་མེད། དེར་བརྟེན་གདུལ་བྱ་ལས་དག་གི་ངོ་བོར་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གསུངས་ཡོད། ཐུན་མོང་ཡོངས་གྲགས་སུ་སྒྲུབ་པ་དེ་ཐོག་མར་བདེན་བཞིའི་ཆོས་འཁོར་པཱ་་ལིའི་གཞུང་ནང་ཡོད་པ་དང་། ཤེར་ཕྱིན་གྱི་གཞུང་དེ་དག་ལེགས་སྦྱར་གྱི་སྐད་ནང་ཡོད་པ་རེད། གོང་དུ་ཞུས་པ་ལྟར་ལེགས་སྦྱར་སྐད་ནང་ཡོད་པ་གཙོ་བོ་ཤེར་ཕྱིན་གྱི་མདོ་ཡིན། ནམ་རྒྱུན་ང་ཚོ་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་ཝི་ཏི་ནམ། དེ་བཞིན་ཉི་ཧོང་། སོག་པོ། བོད་དེ་དག་གྲས་ལ་ཤེར་ཕྱིན་གྱི་གཞུང་རྒྱས་བསྡུས་ཡོད་པའི་ནང་ནས་ཤེས་རབ་སྙིང་པོ་དེ་ང་ཚོ་ཚང་མས་དོན་དག་ཧ་གོ་རུང་མ་གོ་རུང་ཚིག་འདོན་བཞིན་ཡོད། འདིར་ཉིན་ཤས་ཤིག་ཆོས་འབྲེལ་བྱེད་རྒྱུའི་སྤྱོད་འཇུག་ནི་བྱང་ཆུབ་སེམས་བསྐྱེད་རྒྱུ་དང་བདག་གཞན་མཉམ་བརྗེ་བྱེད་རྒྱུར་གཞུང་འདི་མཆོག་ཏུ་གྱུར་བ་ཞིག་ཡིན། སློབ་དཔོན་ཀ་མ་ལ་ཤི་ལས་བོད་དུ་ཕེབས་ཏེ་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་ཡོད་པའི་ནང་ནས་བསྒོོམ་རིམ་བར་པ་དེ་ཏིང་ངེས་འཛིན་སྒོམ་སྟངས་སོགས་གཞུང་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དེ་གཉིས་འཆད་དགོས་བསམ་བྱུང་། དེ་རིང་འདིེར་ཆོས་འགྲེལ་ཚར་གཅིག་བྱས་པ་གཅིག་པུས་ནམ་འཕང་བཅད་ནས་བློར་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུ་དང་ས་ལམ་གྱི་རྟོགས་པ་འགོ་འཛུགས་ཐུབ་རྒྱུ་ཁག་པོ་ཡིན་ཡང་རེ་ཟུང་དེ་འདྲ་ཡོང་ཆོག་པ་ཞིག་ཡིན།
དེར་བརྟེན་གཙོ་བོ་སོ་སོ་རང་ཉིད་ཀྱིས་དེ་རིང་ཆོས་འགྲེལ་ཐོབ་པ་དེ་རྒྱུན་དུ་དཔེ་ཆ་འདི་ཡང་ཡང་ཀློག་སྟེ་ཐོག་མར་བླ་མས་འགྲེལ་བཤད་བརྒྱབ་པའི་ཐོས་བྱུང་གི་ཤེས་རབ་གཅིག་བསྐྱེད་པ་དེར་ཡང་ཡང་སོ་སོས་བསམ་བློ་བཏང་དཔྱད་པ་བྱས་ཏེ། ཇི་ལྟར་ཐོས་པའི་དོན་ལ་རིག་པ་བཞིན། ། ཉིན་དང་མཚན་དུ་ཚུལ་བཞིན་རབ་རྟགས་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡིན། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག གསུངས་པ་ལྟར། སོ་སོ་རང་ཉིད་ཀྱིས་ཡང་ཡང་བསམ་བློ་བཏང་སྟེ་ངེས་པ་རྙེད་པའི་ཐོག་ནས་དེ་ལ་ཉམས་ལེན་བྱེད་རྒྱུའི་དང་དོད་སླེབ་སྟེ། ཉམས་ལེན་བྱེད་རྒྱུའི་འགོ་བཙུགས་ཏེ་དེ་ཙམ་གྱིས་ཉམས་ལེན་བྱས་པ་དེས་སོ་སོའི་སེམས་ནང་བྲོ་བ་སླེབས་སྐབས། བརྩོན་འགྲུས་དང་ནུས་པ་གོང་ནས་གོང་དུ་འཕེལ་རྒྱུ་ཞིག་ཡོང་གི་རེད། ཁ་སྔོན་ངོས་རང་འབྲས་ལྗོངས་དང་ཀ་སྦུག་ཏུ་འགྲོ་སྐབས་ཀ་སྦུག་ཏུ་ལྷ་ཁང་ཆུང་ཆུང་ཞིག་འདུག དེར་ངོས་རང་སླེབས་པ་རེད། སྐབས་དེར་རྟ་མང་ཡིན་ནམ་ཡུ་མོ་ཡིན་གང་ལྟར་གང་ཙམ་ཞིག་སླེབས་འདུག ཁོང་ཚོས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག སྐབས་དེར་ངོས་ཀྱིས་རྩེད་མོ་དང་སྦྲགས་དེ་དུས་ཀ་སྦུག་ཏུ་ལག་ལེན་སོ་བདུན་མའི་བཤད་ཁྲིད་བྱས་པ་རེད། ངོས་ཀྱིས་ཁོང་ཚོར་དཔེ་དེབ་ཡག་པོ་ལྟ་དགོས། དུས་ཚོད་བྱུང་ན་རྒྱུགས་ལེན་བྱེད་ཀྱི་ཡིན། གལ་ཏེ་རྒྱུགས་མ་འཕྲོད་ན་བཟོ་ལྟ་བཟོ་གི་ཡིན་ཞེས་བཤད་པ་ཡིན། ཁྱེད་རང་ཚོས་ཡིན་གཅིག་མིན་གཅིག་དཔེ་ཆ་འདི་ངོས་ཀྱིས་འགྲེལ་བཤད་རྒྱག་སྐབས་ཡི་གེ་ཤེས་མཁན་ཚོས་དཔེ་ཆའི་ཟུར་མཆན་རྒྱག་རྒྱུའི་མཚོན་པས་གང་ལྟར་ངེས་པ་ཞིག་བྱེད་དགོས།
དཔེར་ན། ལྷ་བྲིས་པ་རྣམས་ལ་དགེ་རྒན་གྱིས་འགྲེལ་བཤད་པ་བརྒྱབ་པ་དེ་ཉན་ནས་དེ་འདྲ་ཡིན་བསམ་པ་ཞིག་གིས་གོ་བ་ཆགས་པས་ཕན་གྱི་མེད་པས་སོ་སོས་འབྲི་ཤེས་པ་ཞིག་དགོས་པ་ལྟར་ནང་དོན་རིག་པའི་དཔེ་ཆ་དེ་དག་ཀྱང་འགྲེལ་བཤད་བརྒྱབ་ཡོད་པ་དེ་དག་སོ་སོའི་སེམས་ནང་ངེས་པ་བྱས་ཏེ་རིམ་པས་སོ་སོའི་རྒྱུད་ལ་དེའི་དོན་ལྟར་བློ་བསྐྱེད་ཐུབ་པ་ཞིག་བྱེད་དགོས། ང་ཚོ་ཚང་མ་བདེ་བ་འདོད་ཀྱང་བློ་མ་འདུལ་བའི་དབང་གིས་ག་དུས་ཡིན་རུང་མ་སྐྱིད་པ་ཡོང་གི་ཡོད་པ་དེ་བསྒྱུར་བཅོས་གཏོང་རྒྱུའི་དོན་དག་ཅིག་ཡིན། དེ་སོ་སོའི་དོན་དག་རེད་མ་གཏོགས་ང་ཚོས་ཆོས་བྱས་ན་བཅོམ་ལྡན་འདས་ལ་ཕན་ཐོགས་ཡོད་པའི་སྐད་ཆ་མིན། ཆོས་ཉམས་ལེན་དང་ལྷག་པར་དུ་བྱང་ཆུབ་སེམས་དཔའི་གཞན་གྱི་བློ་ཞེས་པ་དེ་ཆོས་ཁས་མི་ལེན་མཁན་ཡིན་ཡང་དེ་དགོས་མཁོ་ཡོད་པ་ཞིག་རེད་འདུག ང་ཚོའི་སྤྱི་ཚོགས་དང་འཛམ་གླིང་ཤར་ནུབ་ཡིན་ནའ་འདྲ། གང་དུ་བལྟས་ཀྱང་མི་གང་ཞིག་སེམས་རྒྱུད་འདུལ་པོ་ཡོད་མཁན་དང་གཞན་ཕན་གྱི་བློ་ཡོད་མཁན་ཞིག་ཡིན་ན་སོ་སོ་དབུལ་ཕྱུག་གང་ཡིན་རུང་སྐྱིད་པོའི་ངང་སྡོད་ཀྱི་ཡོད། དེ་བཞིན་ལུང་པའི་འགོ་ཁྲིད་གཅིག་ཡིན་ནའང་ག་ཚོད་ཀྱིས་གཞན་ཕན་གྱི་བློ་ཡོད་པ་དང་ལྷག་བསམ་རྣམ་དག་གཅིག་ཡིན་ན། ལུང་པར་ཕན་པ་ཙམ་མ་ཟད་མི་མང་གིས་ཀྱང་ཡིེད་ཆེས་བློ་འགེལ་བྱེད་ཀྱི་རེད།
སེམས་རྒྱུད་དུལ་པོ་མེད་མཁན་ཞིག་ཡིན་ན་ཤེས་ཡོན་དང་རྒྱུ་ནོར་ག་ཚོད་ཕྱུག་ཀྱང་མིས་ཞེད་སྣང་བྱས་པ་མ་གཏོགས་བརྩི་བཀུར་དང་དགའ་ཞེན་བྱེད་རྒྱུ་ཡོང་གི་མ་རེད། མཐོང་ཆོས་ཀྱི་མི་ཚེ་འདིིའི་དབང་དུ་བྱས་ནའང་ག་ཚོད་ཀྱི་སེམས་པ་བཟང་པོ་ཡོད་ན་མིའི་སྤྱི་ཚོགས་ནང་ཀུན་ལ་རན་པ་གཅིག་དང་འཆམ་པ་ཞིག་ཡོང་རྒྱུ་ནི་གསལ་པོ་རེད། མི་ཙམ་དུ་མ་ཟད་པའི་ཐ་ན་སོ་སོའི་ཉེ་འཁོར་དུ་ཡོད་པའི་དུད་འགྲོ་ཙམ་ལ་ཡང་རང་བཞིན་གྱིས་བློ་བག་ཕེབས་པོ་བྱས་ནས་སྡོད་ཐུབ་ཀྱི་ཡོད། དེར་བརྟེན་སེམས་པ་བཙང་པོ་་བྱེད་རྒྱུ་དེ་སོ་སོའི་བདེ་སྐྱིད་ཀྱི་རྩ་བར་ཐུག་ཡོད། དེ་བཞིན་འཕྲོད་བསྟེན་གྱི་རྩ་བ་ཡང་ཆགས་ཡོད། དེང་སང་སྨན་དང་འཕྲོད་བསྟེན་སྐོར་གྱི་ཚན་རིག་པ་དེ་དག་གིས་ཤོད་བཞིན་འདུག སེམས་ནང་ཁོང་ཁྲོ་དང་འཇིགས་སྣང་ཕྲག་དོག་ཡང་ཡང་སྐྱེ་ན་རིམ་བཞིན་སོ་སོའི་གཟུགས་པོ་དེ་དག་ཉམས་གུད་འགྲོ་གི་ཡོད་ཅེས་བརྗོད་ཀྱི་འདུག
བོད་དུ་ནང་ཆོས་མ་དར་གོང་རྒྱ་ནག་ནང་དར་ཡོད། བོད་ཀྱི་ཆོས་རྒྱལ་ཚོས་སངས་ཀྱི་ཆོས་གཙོ་བོ་དེ་རྒྱ་གར་འཕགས་པའི་ཡུལ་དེ་ཁུངས་གཏུགས་ས་ཆགས་ཡོད་སྟབས། ཐད་ཀར་རྒྱ་གར་ནས་བཞེས་གནང་འདུག ང་ཚོར་རྒྱ་གར་ནས་གདན་འདྲེན་པའི་བཀའ་འགྱུར་བསྟན་འགྱུར་པོད་ ༣༠༠ ལྷག་ཙམ་དེ་དག་ཐོག་མར་རྩོམ་པ་པོས་བརྩམས་ཡོང་སྐབས་རིགས་གཅིག་གིས་པཱ་ལིའི་སྐད་དང་རིགས་གཅིག་གིས་ལེགས་སྦྱར་སྐད་ཐོག་བརྩམས་ཡོད། ཅེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་མཛད་ཡོད།།