༢༠༡༠ ཟླ་ ༡༢ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢ ཉིན་བོད་གཞུང་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཨུ་ཏར་ཁན་ཌ་དང་ཧི་མ་ཅལ་ཁུལ་ས་གནས་འགོ་འཛིན་རྣམ་པའི་ཚོགས་འདུ་སྐོང་ཚོགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་ཁྲི་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། ཨུ་ཏར་ཁན་ཌ་དང་། ཧི་མ་ཅལ་ཁུལ་གྱི་ས་གནས་འགོ་འཛིན་རྣམས་ལྷན་འཛོམས་ཀྱི་ཐོག་མར་ནང་སྲིད་དྲུང་ཆེས་ཚོགས་འདུ་ངོ་སྤྲོད་གནང་དོན། ཨ་ཏར་ཁན་ཌ་དང་ཧི་མ་ཅལ་ཁུལ་དུ་གནས་འཁོད་བོད་མི་རྣམས་ཀྱི་ས་གནས་འགོ་འཛིན་རྣམ་པ་ལྷན་རྒྱས་འདི་གར་ཆེད་ཕེབས་གནང་བར་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་ཚོགས་འདུ་སྐོང་ཚོགས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཉེ་ལམ་དཔལ་ལྡན་བཀའ་ཁྲི་མཆོག་གཞིས་ཆགས་ཁག་ཏུ་ཐོན་ཕྱག་ཏུ་ཕེབས་སྐབས་ས་གནས་འགོ་འཛིན་དང་། གནད་ཡོད་མི་སྣ་ཁག
ལྷག་པར་རྒྱ་ཆེའི་མང་ཚོགས་ནང་ནས་གཞིས་ཆགས་སྲ་བརྟན་ཡོང་ཆེད་བདེ་སྡུག་གི་གནས་ཚུལ་སྣེ་མང་ཞིག་སྙན་སེང་ཞུས་པར་བརྟེན། ང་ཚོས་གཞིས་ཆགས་རེ་རེའི་གནས་ཚུལ་བསྐྱར་ཞིབ་བྱེད་མ་དགོས་པར་དེ་རིང་འདིར་ལྷན་འཛོམས་བྱུང་ན། གཞིས་ཆགས་སོ་སོའི་གནས་བབ་ཐོག་གནས་ཚུལ་གསལ་པོ་ཞིག་ཤེས་རྒྱུ་ཆེད་ལམ་སྟོན་གསུང་བཤད་དང་གང་ཅིའི་ཐད་ང་ཚོར་ཐུགས་ཕན་གསོ་བའི་རེ་བ་བྱས་ཏེ་ཚོགས་འདུ་སྐོང་ཚོགས་བྱས་པ་ཞིག་ཡིན། གཞིས་ཆགས་སོ་སོའི་ནང་འཆར་གཞི་འབུལ་སྐབས་གནས་ཚུལ་རབ་འབྲིང་མཐའ་གསུམ་བྱུང་འདུག གཞིས་ཆགས་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་སྲ་བརྟན་གནས་དགོས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། གཞིས་ཆགས་སྲ་བརྟན་གནས་ཆེད་ང་ཚོས་ལོ་གསུམ་རེའི་འཆར་རྩིས་བཟོ་གི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་མཆོག་གི་གསུང་བཤད་གནང་དོན། ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་ཁན་ཌ་གཉིས་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོ་ཞིག་དང་། གཞིས་ཆགས་མ་ཡིན་པར་ཁ་འཐོར་རུབ་རུབ་བྱས་ནས་འདུ་སྡོད་ཁག་མང་པོ་ཞིག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་སུ་ཡོད་པ་ཡོངས་སུ་བསྡོམས་ན། ཉི་ཤུ་རྩ་གྲངས་ཡོད་པ་དེའི་ནང་མི་འབོར་ཧ་ལམ་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་བཞི་དང་མཉམ་པ་ཆགས་ཀྱི་ཡོད། རྒྱ་གར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་འབོར་མང་ཤོས་མངའ་སྡེ་དེ་གཉིས་ནང་ཆགས་ཀྱི་ཡོད། མངའ་སྡེ་དེ་གཉིས་ནི་ཕྱི་ལོ་ ༡༩༥༩ ལོར་ནས་བོད་པ་འབྱོར་ཡུལ་གྱི་ས་ཆ་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མ་སུ་རིར་སྐུ་བཞུགས་མཛད་པ་རེད། དེ་དུས་ཨུ་ཏར་ཁན་ཌ་མེད་ཀྱང་ཡུ་པི་ཁོངས་སུ་ཡིན། དེའི་དབང་གིས་མ་སུ་རི་དང་རཇཱ་སྤུར་གཡས་གཡོན་དུ་རང་བཞིན་གྱི་བོད་མིའི་འདུས་སྡོད་མང་པོ་ཞིག་ཆགས་ཡོད། དེ་རྗེས་༸གོང་ས་མཆོག་རྡ་སར་ཆིབས་སྒྱུར་བསྐྱངས་ཏེ་འདིར་གཏན་འཇགས་སྐུ་བཞུགས་མཛད་པར་བརྟེན། ཧི་མ་ཅལ་ནང་སྤྱིར་ས་བབ་ནས་ཚ་བ་མེད་པ་དང་ཡང་སྒོས་མགོན་པོ་གང་ཉིད་མཆོག་གི་བཞུགས་སྒར་དང་ཐག་ཉེ་པོ་ཡིན་སྟབས། དེའི་གཡས་གཡོན་དུ་བོད་མིའི་གཞིས་ཆགས་མང་པོ་ཞིག་ཆགས་ཡོད། འཇིག་རྟེན་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བརྗོད་ན། ང་ཚོ་རྒྱ་གར་དུ་བསླེེབས་ནས་ལོ་ ༥༡ འཁོར་ཟིན་པ་རེད། གཞིས་ཆགས་དེ་དག་ཀྱང་ཕྱི་ལོ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་ཆགས་པ་ཤ་སྟག་ཡིན་པས་གཞིས་ཆགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ལོ་ ༣༥ མ་འཁོར་བ་ཧ་ལམ་མེད། ལོ་གྲངས་དེ་ལྟ་བུའི་རིང་ལ་སྤྱི་ཚོགས་སུ་དང་སུ་ཡིན་རུང་ལྷིང་འཇགས་པ་དང་རང་མགོ་ཐོན་པ། ལྷག་པར་ཕྱི་ཕྱོགས་ཀྱི་རོགས་རམ་ལ་རྟེན་མ་དགོས་པ་ཞིག་ངེས་པར་དུ་ཡོང་དགོས་པ་ལྟ་བུ་ཡིན། ཐོག་མར་གཞིས་ཆགས་ཚུགས་སྐབས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་དང་། ད་ལྟའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་བསྡུར་ན། ཧ་ཅང་ཡག་ཏུ་ཕྱིན་ཡོད་ཀྱང་ད་ལྟ་ཡིན་ནའང་ལྷིང་འཇགས་ཐོག་ནས་འཚོ་བའི་མདུན་ལམ་དང་སྤྱི་ཚོགས་ཀྱི་གནས་བབས་ཡིན་ནའང་རེད། འདོད་པ་ཁེངས་སོང་བསམ་པ་ཞིག་ས་ཕྱོགས་གང་དུ་མེད་པ་ལྟ་བུ་ཡིན་པ་དེ་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཞན་ཆ་རེད་སྙམ་གྱི་ཡོད། ཅེེས་སོགས་དང། ཡང་བཀའ་ཁྲི་མཆོག་གིས་གསུང་དོན། རྒྱ་གར་ནང་འདུས་སྡོད་གང་འདྲ་ཞིག་ཡིན་ནའང་། ཁྲིམས་མཐུན་གྱི་ངོས་འཛིན་ཡོད་དགོས་པ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་རེད། ཁྲིམས་མཐུན་གྱི་ངོས་འཛིན་ཡོད་པའི་སྒྲིག་འཛུགས་ཤིག་མེད་ན་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་ཧི་མ་ཅལ་དང་ཨ་ཏར་ཁན་ཌ་ནང་ཡོད་པའི་ང་ཚོའི་བཟོ་གཞིས་མང་ཆེ་བ་ཞིག་ཁྲིམས་ཡིག་འོག་ནས་ཚོགས་པ་དེབ་སྐྱེལ་དྲུག་ཅུ་རེ་ལྔ་དང་བདུན་ཅུ་དོན་གྲངས་ནས་བྱས་ཡོད་པ་ཤ་སྟག་ཡིན་སྟབས། ཧི་མ་ཅལ་དང་ཨུ་ཏར་ཁན་ཌ་གཉིས་ཀའི་ནང་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་མེད་པའི་སྐབས་སུ་བྱས་པ་ཞིག་རེད། དེ་དུས་དེབ་སྐྱེལ་བྱས་པ་ཡོངས་རྫོགས་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་ཁྲིམས་ཡིག་དེ་ཡིན། ཕྱི་ལོ་ ༡༨༦༠ པའི་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་ཡིག་འོག་དེབ་སྐྱེལ་བྱས་ཡོད་སྐབས་ཚོགས་པ་དེབ་སྐྱེལ་གྱི་ངོ་བོ་མ་བརླག་པར་རྒྱུན་གནས་ཐུབ་ཆེད་ལོ་ཚད་ཡོད་ན་ལོ་ཚད་སྐབས་ལ་བསྐྱར་སྣོན་ཞུ་རྒྱུ་དང་། ལོ་ཚད་མེད་པ་ཡིན་ནའང་རྩིས་ཁྲ་གཏོང་རྒྱུ། ཚོགས་འདུའི་གྲོས་ཆོད་དེ་དག་དེབ་སྐྱེལ་ལས་ཁུངས་སུ་དུས་ནས་དུས་སུ་གཏོང་རྒྱུ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བརྗེ་པོ་ཐེབས་དུས་དེའི་གནས་ཚུལ་དེ་དག་དེབ་སྐྱེལ་ལས་ཁུངས་སུ་དུས་ཐོག་གཏོང་རྒྱུའི་བརྒྱུད་ལམ་ཡོངས་རྫོགས་མ་ཤེས་ན། ཉིན་མ་ཞིག་དེབ་སྐྱེལ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། དེབ་སྐྱེལ་ཡོད་པའི་ཚོགས་པ་སུ་འདྲ་ཞིག་ཡིན་ནའང་སོ་སོའི་དེབ་སྐྱེལ་གྱི་ངོ་བོ་མ་བརླག་པར་ཉར་ཐུབ་པ་དགོས་རྒྱུ་དང་། དེབ་སྐྱེལ་བྱེད་རྒྱུའི་ཡིག་ཆའི་ནང་ལོ་གཅིག་ལ་ཚོགས་འདུ་ཐེངས་ག་ཚོད་ཚོགས་དགོས་ཀྱི་ཡོད་ན་དེ་ལྟར་ཚོགས་དགོས། དེ་བཞིན་ཚོགས་འདུའི་ཡིག་ཆ་དེ་དག་དུས་ཚོད་ཏག་ཏག་ལ་དེབ་སྐྱེལ་ལས་ཁུངས་སུ་སྤྲོད་དགོས་རྒྱུ། གང་ལྟར་ཐེངས་གཅིག་ཚོགས་པ་དེབ་སྐྱེལ་བྱས་རྗེས་ཕྱིར་བལྟས་སློག་མ་དགོས་པ་དེ་འདྲ་ཁྱོན་ནས་མིན། ཚོགས་པ་དེབ་སྐྱེལ་ཡོད་པའི་ཁྲིམས་དང་སྒྲིག་གཞི་ཡོངས་ཛོགས་ལ་བརྩི་སྲུང་བྱས་ཏེ་དེབ་སྐྱེལ་གྱི་ངོ་བོ་དེ་ག་དུས་ཡིན་ཡང་མ་བརླག་པར་ཉར་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་ཚོགས་འདུའི་བརྗོད་གཞིའི་ཐོག་བཀའ་བསྡུར་ལྷུག་གླེང་གནང་ཡོད་པ་བཅས། །