ཟླ་བ་ ༡༢ ཚེས ༢༠ ༢༠༡༠
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༠ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་གྲོགས་པོ་དང་བོད་རིག་པའི་མཁས་དབང་སྐུ་ཞབས་ཇེན་སི་མི་ཐི་ལགས་ (E.Gene Smith) འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཀྱི་གནས་འཕྲིན་ཞིག་ཕུལ་ཡོད་པ་དེའི་ནང་འཁོད་དོན།

སྐུ་ཞབས་ཇེན་སི་མི་ཐི་ལགས་ནི་བོད་ཀྱི་གྲོགས་པོ་དང་བོད་རིག་པའི་མཁས་དབང་ཞིག་ཡིན་པ་དང།
ཁོང་གིས་སྐུ་འཚོ་བཞུགས་སྐབས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་དེབ་དཀོན་རིགས་སྟོང་ཕྲག་མང་པོ་ཞིག་འགྲེམས་སྤེལ་གནང་སྟེ་བོད་པའི་ལེགས་བྱང་ཕྱུག་པོ་རྣམས་སྲུང་སྐྱོབ་གནང་ཡོད་པ་མ་ཟད། དཔེ་དེབ་དེ་རྣམས་མཐར་གློག་ལས་འཕྲུལ་ཆས་ཐོག་ (digital format) གཟིགས་ཐུབ་པ་བཟོས་ཡོད། ཁོང་གི་གློག་ཀླད་འཕྲུལ་ཆས་ཀྱི་དཔེ་མཛོད་དེ་བཞིན་འཛམ་གླིང་ནང་རྒྱ་ཆེ་ཤོས་ཤིག་ཡིན་འདུག ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་བ་ནི་འགྲོ་བ་མི་སྤྱི་དང་ཡང་སྒོས་བོད་མི་ཚོར་གྱོང་གུན་ཆེན་པོ་ཕོག་ཡོད། ང་ཚོས་ནམ་ཡང་སྐུ་ཞབས་ཇེ་ནི་སི་མི་ཐི་མཆོག་ཡི་རང་གིས་རྗེས་དྲན་ཞུ་རྒྱུ་ཙམ་མ་ཟད།   དམ་པ་དེ་ཉིད་ལ་ང་ཚོས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག