༢༠༡༠ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་ད་བར་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་ཁང་ཞིག་མེད་པའི་དཀའ་ངལ་སེལ་ཆེད་སྤྱི་མཐུན་ཚོགས་པའི་རྒྱུན་ལས་སྐབས་རིམ་བྱུང་གིས་འབད་བརྩོན་གནང་འབྲས། ད་ལྟ་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་ཀྱི་དམིགས་སྒོར་བོད་མི་འདུས་སྡོད་ཆེ་བའི་ཉེ་འཁྲིས་ས་ཁུལ་ནས་ཁང་པ་ཞིག་ཉོ་རྒྱུར་ཚ་ཚ་འུར་འུར་ངང་གྲ་སྒྲིག་གནང་བཞིན་པ་རེད། འདི་ཚེས་ ༡༡ ཉིན་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བའི་ཞི་བདེའི་གཟེངས་རྟགས་ཀྱི་དགའ་སྟོན་དྲན་གསོའི་མཛད་སྒོ་ཐེངས་ཉེར་གཅིག་ཉིན་བོད་མི་ཆིག་སྟོང་ལྷག་ཙམ་འདུ་འཛོམས་བྱུང་བའི་གོ་སྐབས་དང་བསྟུན་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་དང་། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས་རིག་གཞུང་བསྟི་གནས་སམ་སྤྱི་ཁང་གསར་ཉོའི་ཐད་སྐུ་ཚབ་དོན་གཅོད་ཁང་དང་། སྤྱི་མཐུན་ཚོགས་པ་རྒྱུན་ལས་རིམ་བྱུང་གིས་ཐོག་མར་འབད་བརྩོན་ཇི་བྱས་དང་། བར་དུ་གནས་ཚུལ་ཇི་བྱུང་། ད་ལྟའི་གནས་སྟངས་ཇི་ཆགས་སྐོར་མང་ཚོགས་ལ་གསལ་བཤད་དང་འབྲེལ་སྤྱི་ཁང་ངམ་རིག་གཞུང་བསྟི་གནང་ཁང་གི་བདག་དབང་ནི་ནིའུ་ཡོཀ་དང་ནིའུ་འཇར་སི་ཁུལ་དུ་གནས་སྡོད་བོད་མི་ཡོངས་ཀྱི་ཡིན་སྟབས།
སྤྱི་ཁང་གསར་ཉོའི་ལས་དོན་ཐོག་མང་ཚོགས་ནས་དོགས་པ་རྣམ་རྟོག་དང་། དྲི་བ་ཇི་ཡོད་ཞིབ་གསན་གྱིས་ལན་འདེབས་ཁ་གསལ་གནང་ཡོད་པ་དང་། དེ་རྗེས་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་ཁང་གི་ཆེད་དུ་མང་ཚོགས་རང་ལ་ཞལ་འདེབས་འབོད་སྐུལ་ཞུས་པར་དེ་ཉིན་བོད་མི་ཚོས་ཁྱོན་བསྡོམས་ཞལ་འདེབས་ཨ་སྒོར་འབུམ་ ༤ དང་སྟོང་ཕྲག ༣༥ གནང་རྒྱུ་ཡིན་པ་ཚོགས་ཡོངས་སུ་ཁས་ལེན་གནང་ཡོད་པ་དང་། ཁས་ལེན་གནང་བའི་དངུལ་འབོར་དེ་དག་དངོས་སུ་སྤྱི་མཐུན་ཚོགས་པར་བྱུང་མཚམས་རྒྱུ་འབྱོར་ལྡན་པའི་ཁྱིམ་ཚང་ཞིག་ནས་སྤྱི་ཁང་གི་ཆེད་དུ་ཨ་སྒོར་འབུམ་ ༣ དང་བཞི་སྟོང་ལྔ་བརྒྱ་ཞལ་འདེབས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། ད་ཆ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་ཁང་གསར་སྐྲུན་གྱི་དམིགས་སྒོར་ཨ་སྒོར་ས་ཡ་ ༢ ཙམ་ཡོད་པ་དེའི་ཐོག་གོང་ཞུས་ཁས་ལེན་གཙང་མ་ཟིན་པའི་ཞལ་འདེབས་དངུལ་འབོར་རྣམས་བསྣན་ན་ཁྱོན་བསྡོམས་ཨ་སྒོར་ས་ཡ་ ༢ དང་འབུམ་ ༧ དང་ཕྱེད་ཀ་ཙམ་བསྡུ་རུབ་ཐུབ་པ་བྱུང་ཡོད་པ་རེད། སེམས་འགུལ་ཐེབས་དགོས་པ་ཞིག་ལ་དེ་ཉིན་མཛད་སྒོར་ཕེབས་པའི་རྒྱ་རིགས་སྐུ་ཞབས་ཡུལ་ཏཱ་ཧའེ་ནས་ཀྱང་བོད་མིའི་ངོས་ནས་གྲོང་ཁྱེར་ནིའུ་ཡོཀ་ནང་རིག་གཞུང་བསྟི་གནས་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་མཁྱེན་རྟོགས་བྱུང་རྗེས། དེ་ནི་བོད་མི་ཙམ་མ་ཡིན་པར་རྒྱ་མི་རིགས་ལ་ཡང་ཕན་ཐོགས་ཡོད་པའི་ལས་འཆར་ཞིག་ལ་ངོས་འཛིན་དང་འབྲེལ་རིག་གཞུང་བསྟི་གནས་ཁང་ངམ་སྤྱི་ཁང་གི་ཆེད་དུ་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ཨ་སྒོར་ ༡༠༠༠།༠༠ ཞལ་འདེབས་གནང་ཡོད་པ་བཅས།།