༄༅། །འདི་གར་ཤེས་བྱ་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཐར་པ་ཆོས་གླིང་དགོན་གྱི་གཟིམ་ཆུང་ནས་གཙུག་ལག་ཁང་དུ་དགོན་དེའི་དབུ་བླ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་སོགས་ནས་གདན་ཞུས་ཀྱིས་ཐོག་མར་དགོན་དེ་དང་ཀ་སྦུག་ས་གནས་བདེ་དོན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་ཆེད་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སེར་སྨད་མཁན་ཟུར་དག་པ་རིན་པོ་ཆེ་མཆོག་གིས་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་ཞུས་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ་སོགས་དབུ་བསྐུལ་གནང་། དེ་རྗེས་སེར་སྨད་མཁན་ཟུར་དག་པ་རིན་པོ་ཆེ་མཆོག་གིས་བསྟན་དཀར་རྡོ་རྗེ་སྒྲོན་འབུལ་ཞུས། དེ་ནས་མཎྜལ་དབུ་བསྐུལ་གྱིས་བརྟན་བཞུགས་ཀྱི་མཎྜལ་ལྗགས་བཤད་སེར་སྨད་མཁན་ཟུར་དག་པ་རིན་པོ་ཆེ་མཆོག་གིས་ཞུས་ཡོད་ཅིང་། ཀ་སྦུག་ས་གནས་བདེ་དོན་དང་ཐར་པ་ཆོས་གླིང་དགོན་གྱི་འཐུས་མི་གཉིས་ཀྱིས་ཚོམ་བུ་གཡས་གཡོན་ནས་འདེགས་འབུལ་ཞུས།
དེ་རྗེས་ཆོ་གའི་ཚིག་དོན་དང་མཐུན་པར་སྐུ་གསུང་ཐུགས་རྟེན་དང་། ན་བཟའ་རྣམ་སྦྱར། བླ་གོས། ཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་སིལ། རྒྱལ་སྲིད་སྣ་བདུན་དང་རྟགས་བརྒྱད། རྫས་བརྒྱད། བཅས་འབུལ་ལམ་ཞུས་ཟིན་རྗེས་སེར་སྨད་མཁན་ཟུར་དག་པ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ། དེ་ནས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་ཀྱིས་༸གོང་ས་མཆོག་ལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། རྒྱལ་བའི་ཞབས་བརྟན་སོགས་གྲུབ་རྗེས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་ཡང་སྲིད་མཆོག་ནས་གཏང་རག་མཎྜལ་འབུལ་ལམ་ཞུས་རྗེས་བརྟན་བཞུགས་ཚོགས་ཆུང་གི་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་དགེ་བསྐོས་སོགས་ལ་རིམ་བཞིན་མཇལ་ཁ་སྩལ། དེ་ནས་ཞལ་འདོན་ཉི་གཞོན་འཆར་ཁ་མ་སོགས་གསུང་སྐབས་ཀ་ཁྲི་སྒྲོག་སྟེ་བདེན་ཚིག་སྨོན་ལམ་དང་ཤིས་བརྗོད་སྨོན་ལམ་བཅས་གསུང་སྟེ་བརྟན་བཞུགས་ལེགས་པར་གྲུབ་མཚམས་༸གོང་ས་མཆོག་གཟིམ་ཆུང་དུ་གདན་འདྲེན་ཞུས།
དེ་རྗེས་སྔ་དྲོ་ཆུ་ཚོད་ ༩ ཐོག་མགོན་པོ་གང་ཉིད་མཆོག་གསུང་ཆོས་རྭ་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་བཀའ་དྲིན་ཆེ་བ་སྩལ། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་སྔ་དྲོའི་ཆོས་ཐུན་གཅིག་རིང་ནང་ཆོས་ངོ་སྤྲོད་མཛད་པ་དང། ཕྱེད་ཡོལ་ལམ་གཙོ་རྣམ་གསུམ་གྱིས་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་གསུང་ཆོ་རྭ་བའི་བཞུགས་ཁྲི་རིན་པོ་ཆེར་འཁོད་དེ་བཀའ་སློབ་ཕེབས་དོན། དེ་རིང་འདི་ག་ཀ་སྦག་ཏུ་ཚར་གཅིག་བསླེབས་ཏེ་ཁྱེད་རྣམ་པ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀ་རྡོར་གཉིས་ཞེས་ས་གནས་འདི་བོད་དང་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་དང་། སེམས་ཐག་ཉེ་པོ་ཞིག་རེད། སྔ་མོ་ངོས་རང་ཆུང་ཆུང་སྐབས་ཚོང་པ་ཚོ་དང་གཞུང་ཞབས་ཚོས་རྒྱ་གར་ལ་ཕྱིན་ཏེ་ཀ་སྦུག་གི་ལོ་རྒྱུས་དང་དེ་བཞིན་འབྲས་ལྗོངས་དང་རྡོ་རྗེ་གླིང་། དེ་མིན་ཅུང་གྲོང་ཆེ་བ་ཀལ་ཀ་ཏ་བཅས་ཀྱི་ལོ་རྒྱུས་ཤོད་སྐབས་སྙན་པོ་ཞེ་དྲག་ཡོང་གི་ཡོད། སྐབས་དེ་དུས་ཀ་སྦུག་དང་རྡོ་གླིང་ནང་གཅིག་བསླེབ་ན་དྲན་གྱི་ཡོད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་སྐབས་ཡོང་སྐབས་འདི་ཁུལ་དང་སྒང་ཏོག་ཁུལ་ལ་གཅིག་བསླེབས་ཡོད། དེ་རྗེས་ཕྱི་ལོ་ ༡༩༥༩ ལོ་ནས་བཙན་བྱོལ་བ་ཆགས་ཏེ་རྒྱ་གར་འཕགས་པའི་ཡུལ་འདི་སོ་སོའི་ཕ་ཡུལ་གཉིས་པ་ཆགས་ཏེ་བསྡད་ཡོད། ལྷག་པར་དུ་ཐར་པ་ཆོས་གླིང་དགོན་པ་འདི་ནི་རྙིང་ཁོངས་ཤིག་ཆགས་ཡོད་ཀྱང་བར་སྐབས་ཤིག་རྒྱལ་པོ་ཤུགས་ལྡན་བསྟེན་པའི་རྙོག་གྲ་བྱུང་སྐབས། ངོས་ཀྱང་འདིར་ཡོང་མ་བདེ་བ་ཆགས་པ་རེད། བར་སྐབས་ཐར་པ་ཆོས་གླིང་དགོན་པའི་འབྲེལ་ཡོད་ཚོས་བསམ་བློ་རྒྱ་ཆེ་ས་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློ་བཏང་སྟེ་བླ་མ་གོང་མ་ཚོས་རྒྱལ་པོ་ཤུགས་ལྡན་བསྟེན་གྱི་ཡོད་པ་ཡིན་ནའང་། ཁྱེད་ཚོས་གཙང་མ་བཟོས་ཏེ་འབྲེལ་བ་གང་ཡང་མེད་པ་ཆགས་པ་རེད། ད་ཆ་ངོས་ཀྱང་འདིར་ཡོང་རྒྱུར་སྟབས་བདེ་པོ་འདུག
ཅེས་སོགས་ཀྱི་བཀའ་སློབ་དང་དེ་ནས་ནང་ཆོས་ངོ་སྤྲོད་མཛད་པའི་ནང་བཀའ་སློབ་ཕེབས་དོན། ངོས་ནས་ནམ་རྒྱུན་དུ་ང་ཚོ་བོད་པ་ནང་པ་ཚོ་ཡིན་ནའང་འདྲ། དེ་བཞིན་རྒྱ་རིགས་ནང་པ་ཡིན་ནའང་འདྲ། དེ་བཞིན་ཀོ་རི་ཡ་དང་ཉི་ཧོང་། ཝི་ཏི་ནམ་ལ་སོགས་སྤྱི་ཡོངས་ནང་པའི་ཡུལ་གྲུ་ཁག་ལ། ང་ཚོས་ད་ཆ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད། ཅེས་ངོས་ཀྱིས་འདི་ཤོད་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་ནང་པ་གང་འདྲ་ཞིག་ལ་ཟེར་རམ་བརྗོད་ན། སངས་རྒྱས་པའི་ཆོས་དེ་མི་འདྲ་བའི་ཁྱད་པར་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས། འདི་དག་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་རྒྱུ་ཞིག་བྱུང་ན་དད་པ་དེ་ཤེས་ནས་དད་པ་ཐོབ་པ་ཞེས་པ་དེ་ཆགས་ཡོད།
རྒྱུ་མཚན་མཐོང་བའི་ཐོག་ནས་དད་པ་སྐྱེས་ན། དད་པ་དེ་དབང་པོ་རྣོ་པོའི་དད་པ་ཞིག་ཆགས་ཡོད་པས་བརྟན་པོ་དང་སྤུས་དག་པོ་ཡོད། སངས་རྒྱས་པའི་ཆོས་ལ་དད་པ་ངོ་མ་དེ་འདི་འདྲ་ཞིག་དགོས་པ་རེད། ཅེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་ཟབ་རྒྱས་མཛད་ཡོད།
ཕྱེད་ཡོལ་ཆུ་ཚོད་ ༡ པོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་རྭ་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་པ་དང་སྦྲགས་ཐེངས་དེའི་ཆོས་ཐུན་ནང་རྗེ་རིན་པོ་ཆེ་བློ་བཟང་གྲགས་པས་སྐུ་ཚེའི་སྨད་ལ་རང་གི་ཐུགས་སྲས་ངག་དབང་གྲགས་པར་སྩལ་བའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་བཀའ་དྲིན་ཆེ་བ་སྩལ། དེ་བཞིན་ཐེངས་འདིའི་གསུང་ཆོས་སྐབས་དག་པ་རིན་པོ་ཆེ་མཆོག་དང་། ཞྭ་དམར་རིན་པོ་ཆེ་མཆོག འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་མཆོག རྒྱུད་སྟོད་བླ་མ་དབུ་མཛད་མཆོག་སོགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་། དེ་བཞིན་གནད་ཡོད་མི་སྣ། མི་དམངས།སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༤༠༠༠ ལྷག་ཙམ་བཅར་ཡོད་འདུག