༢༠༡༠ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཀ་སྦུག་དགའ་ལྡན་ཐར་པ་ཆོས་གླིང་དགོན་དང་ཀ་སྦུག་བོད་གཞུང་སློབ་གྲྭའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཟིན་ཏེ། འབྲས་ལྗོངས་གཞུང་ཕྱོགས་ནས་གསོལ་འདེབས་ཞུས་དོན་ལྟར་ཀ་སྦུག་ནས་འབྲས་ལྗོངས་གཞུང་གི་ཐད་འཕུར་གནམ་གྲུའི་ཐོག་གནས་མཆོག་པད་གླིང་དུ་གདན་ཞུས་ཀྱིས་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་འབྲས་ལྗོངས་མངའ་གཞུང་གི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ཅམ་གླིང་མཆོག་དང་དྲུང་ཡིག་ཆེན་མོ། གྲོས་ཚོགས་ཀྱི་འཐུས་མི། མངའ་སྡེའི་རྫོང་དཔོན། ཉེན་རྟོག་སྤྱི་ཁྱབ་དཔོན་སོགས་གནད་ཡོད་མི་སྣ་མང་པོ་ཞིག་གིས་པད་གླིང་གནམ་ཐང་དུ་ཕེབས་བསུར་བཅར་ཏེ་༸གོང་ས་མཆོག་འབྲས་ལྗོངས་སུ་སླར་ཡང་༸ཞབས་སོར་འཁོད་པར་འཚམས་འདྲི་དང་སྦྲགས་ཁུལ་དུ་རྟེན་གཞི་བྱས་པའི་འབྲས་ལྗོངས་ཆོས་རྒྱལ་དང་མངའ་གཞུང་གི་མ་དགོན་པདྨ་དབྱངས་རྩེར་གདན་འདྲེན་ཞུས། ༸གོང་ས་མཆོག་སྟོན་འཁོར་རྣམས་དགོན་དེར་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་༸ཞབས་སོར་བདེ་བར་འཁོད་སྐབས་དགོན་དེའི་དགེ་འདུན་པ་ཚོས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུ་གཟབ་ཅིང་རྒྱལ་པ་ཞུས་ཡོད།
དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་དེར་གནས་གཟིགས་བསྐྱངས་གྲུབ་བསྟུན། དགོན་དེའི་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་རྟེན་འབྲེལ་འབྲལ་སིལ་དང་གསོལ་ཇ་འདེགས་འབུལ་ཞུས། དེ་ནས་དགོན་དེའི་དགེ་འདུན་པ་ཚོས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟེན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་པའི་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ༸གོང་ས་མཆོག་གིས་དེར་འདུས་དགེ་འདུན་པ་དང་མི་མང་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བར་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་མ་ཟད། ཐུབ་པའི་གཟུངས་སྔགས་དང་། མ་ཎི། སྒྲོལ་མ། བཛྲ་གུ་རུ། རྟ་མགྲིན་བཅས་ཀྱི་གཟུངས་སྔགས་ཀྱང་ལྗགས་ལུང་བཀའ་དྲིན་སྩལ་ཏེ་དེ་ཁུལ་དེའི་མཛད་འཕྲིན་གྲུབ་བསྟུན་འབྲས་ལྗོངས་གཞུང་གི་ཐད་འཕུར་གནམ་གྲུའི་ཐོག་གནས་མཆོག་བྲག་དཀར་བཀྲ་ཤིས་སྡིང་དགོན་དུ་ཆིབས་ཞལ་བསྒྱུར།
འབྲས་ལྗོངས་ཆོས་རྒྱལ་མཆོག་དང་མངའ་གཞུང་གི་མ་དགོན་པདྨ་དབྱངས་རྩེ་ནི་ཧ་ཅང་ཡི་དབང་འཕྲོག་པའི་པད་གླིང་རི་བོའི་སྟེང་འགྱིངས་ངེར་ཆགས་ཤིང་དེ་ནས་སྙན་གྲགས་ལྡན་པའི་རི་བོ་གངས་ཅན་མཛོད་ལྔ་ཡོངས་སུ་གསལ་ལེར་མངོན་ཞིངའདུག དགོན་དེ་ཐོག་མར་ཕྱི་ལོ་ ༡༦༤༠ ལོར་རྒྱལ་བ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་ཕྱག་བཏབ་པ་ཞིག་ཡིན་པ་མ་ཟད། དགོན་པ་དེ་ནི་འབྲས་ལྗོངས་ཆོས་རྒྱལ་དང་མངའ་གཞུང་གི་མ་དགོན་ལྟ་བུར་ངོས་འཛིན་གྱིས་གཞུང་འབྲེལ་ཆོས་ཕྱོགས་ཀྱི་ཞུ་སྒོ་རྣམས་དགོན་དེ་ནས་སྨིན་སྒྲུབ་ཞུ་བཞིན་འདུག དཔེར་ན།
ཞབས་རིམ་སྒྲུབ་རྒྱུ་དང་ཆོལ་ག་ཕྱག་ལེན་གང་བྱེད་དགོས་པ་རྣམས་ཡོངས་སུ་དགོན་དེ་ནས་ཞུས་དང་ཞུ་མུས་ཡིན་པར་སོང་། འབྲས་ལྗོངས་ཆོས་རྒྱལ་དང་མངའ་གཞུང་གི་མ་དགོན་ལྟ་བུར་ངོ་འཛིན་ཞུ་བཞིན་འདུག སྤྱིར་འབྲས་ལྗོངས་ཁུལ་དུ་དགོན་པ་དང་མ་ཎི་ལྷ་ཁང་གྲངས་ ༢༠༠ བརྒལ་བ་ཡོད་འདུག་པ་བཅས།།