༢༠༡༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་སྤེན་པ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ཉིན་རྒྱལ་སྤྱིའི་ཐོག་རྒྱ་ཡིག་གི་དྲ་རྒྱ་ཆེ་ཤོས་ཡིན་པའི་(Boxun.Com/news) གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས། སྲིད་གཞུང་གིས་འཛིན་སྐྱོང་གི་ཐག་གཅོད་སྣ་ཚོགས་ལ་གཞི་བཅོལ་ཏེ་ལམ་ཟུར་དུ་ཁྲོམ་འདོན་མཁན་ཚོང་པ་ཉི་ཚེ་བའི་ཚོང་གཉེར་གྱི་ཁེ་དབང་འཕྲོག་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་དངོས་སུ་ཁྲིམས་ཐག་བཅད་ཡོད་པ་རེད། གནས་ཚུལ་དེ་རྒྱ་ནག་གི་དྲྭ་རྒྱའི་ནང་ཐོན་མ་ཐག་དྲ་རྒྱ་ཀློག་མཁན་མི་མང་པོས་གླེང་མོལ་སྣ་ཚོགས་ཤིག་བྱས་རྗེས་རྒྱ་གར་གྱི་རྒྱལ་ཁབ་དེར་མི་རྣམས་ཀྱིས་གུས་སེམས་སྐྱེས་པ་རེད། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༠ ཉིན་མོ་འདི་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ནང་ལམ་ཟུར་དུ་དཀའ་སྡུག་ཆེན་པོས་ཁྲོམ་བཏོན་ཏེ་ཚོང་གཉེར་བྱེད་བཞིན་པའི་ཚོང་པ་ཉི་ཚེ་བ་ཁྲི་ཕྲག་མང་པོའི་ངོས་ནས་གླེང་ན། དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད། ཉིན་མོ་དེར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས། སྲིད་གཞུང་གིས་འཛིན་སྐྱོང་གི་ཐག་གཅོད་སྣ་ཚོགས་ལ་གཞི་བཅོལ་ཏེ་ལམ་ཟུར་དུ་ཁྲོམ་འདོན་མཁན་ཚོང་པ་ཉི་ཚེ་བའི་ཚོང་གཉེར་གྱི་ཁེ་དབང་འཕྲོག་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་དངོས་སུ་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དངོས་སུ་ཁྲིམས་ཐག་བཅད་པ་དེས། རྩ་ཁྲིམས་ཀྱི་འགྲེལ་བརྗོད་དང་གྱོད་གཞི་དེ་ལྟ་བུའི་ཐད་དཔེ་བཏོན་ནུས་པ་ཞིག་གསལ་སྟོན་བྱས་ཡོད། དེར་བརྟེན་རྒྱ་གར་གྱི་ལམ་ཟུར་དུ་ཁྲོམ་འདོན་མཁན་ཚོང་པ་ཆུང་གྲས་ངོས་ནས་བཤད་ན་དེ་ཉིན་ནི་ཁོང་ཚོའི་བཀྲིས་པའི་ཉིན་མོ་ཞིག་ལོས་ཡིན། རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་སྤྱི་ཟླ་ ༦ པའི་ནང་། རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་ལམ་ཟུར་ཁྲོམ་འདོན་མཁན་རྣམས་མཉམ་འབྲེལ་ཐོག་ལྡི་ལི་གསར་པའི་གྲོང་ཁྱེར་སྲིད་གཞུང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་སབྱར་བྱས་ཡོད་པ་རེད། རྒྱུ་མཚན་ནི། གྲོང་ཁྱེར་སྲིད་གཞུང་གིས་རིན་མིན་འཚོགས་རྒྱུའི་དབྱིན་ཇིའི་མངའ་ཁོངས་མནའ་འབྲེལ་མཐུན་ཚོགས་ཀྱི་རྩེད་འགྲན་གོང་དུ་གཞི་རྒྱ་ཆེན་པོས་ལྡི་ལིའི་ལམ་ཟུར་དུ་ཡོད་པའི་ཁྲོམ་འདོན་མཁན་གྱི་ཚོང་པ་ཉི་ཚེ་བ་ས་དེ་ནས་ཕྱིར་འབུད་བྱས་ཡོད་པ་རེད། ཟླ་བ་བཞི་ལྷག་ཙམ་གྱིས་ཁྲིམས་གཏུགས་བྱས་པ་བརྒྱུད། བདེན་པ་འདི་རྒྱ་གར་རྒྱལ་ཡོངས་ནང་གི་ལམ་ཟུར་དུ་ཁྲོམ་འདོན་མཁན་མི་གྲངས་བྱེ་བ་འགའ་ཤས་ཡོད་པའི་ཚོང་པ་ཉི་ཚེ་བའི་རྒྱབ་ཏུ་ལངས་ཏེ་མཐའ་མའི་རྒྱལ་ཁ་འདི་ཁོང་ཚོར་ཐོབ་པ་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གང་རུང་ཞིག་ནང་གཞུང་ལམ་ཟུར་དུ་ཁྲོམ་འདོན་མཁན་གྱི་ཚོང་པ་ཉི་ཚེ་བ་རྣམས་སྤྱི་ཚོགས་དེའི་ནང་གི་རིམ་པ་དམའ་ཤོས་ཀྱི་ལྟོ་གོས་འཚོལ་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་པས། ཁོང་ཚོར་ག་དུས་ཡིན་ནའང་གྲོང་ཁྱེར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཁེ་ཕན་དོ་ཕོག་གཏོང་བའི་ཁ་གཏད་ཅིག་ཆགས་ཡོད། འོན་ཀྱང་། རྒྱ་གར་ནང་ཚོང་པ་ཉི་ཚེ་བ་འདི་དག་གྲོགས་མེད་ཁེར་རྐྱང་ཞིག་མ་ཡིན་པར་”རྒྱལ་ཡོངས་རང་བཞིན་གྱི་ཁེ་དབང་སྲུང་སྐྱོང་ཚོགས་པ་”ཞིག་ཡོད་པ་སྟེ། རྒྱ་གར་རྒྱལ་ཡོངས་ལམ་གཞུང་དུ་ཁྲོམ་འདོན་མཉམ་སྦྲེལ་ཚོགས་པ་ཞེས་པས་ལོ་མང་རིང་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་ལམ་ཟུར་དུ་ཁྲོམ་འདོན་མཁན་གྱི་མི་བྱེ་བ་འགའ་ཤས་ཀྱི་ཆེད་དུ་ཐབས་ལམ་སྣ་ཚོགས་བརྒྱུད་དེ་སྲིད་གཞུང་ལ་ཁོང་ཚོའི་བདེ་སྡུག་ཞུས་ཏེ་ཚོང་པ་ཆུང་གྲས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདས་པའི་ཟླ་བ་གཉིས་རིང་རྒྱ་གར་གཞུང་གིས་དབྱིན་ཇིའི་ཁོངས་གཏོགས་མནའ་འབྲེལ་མཐུན་ཚོགས་ཀྱི་རྩེད་འགྲན་འཚོགས་རྒྱུའི་ཆེད། རྒྱ་གར་ནང་གི་མི་ཉམ་ཐག་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་ལྔའི་ལས་ཀའི་གོ་སྐབས་ཤོར་བ་དང་དེའི་ནང་ལམ་ཟུར་དུ་ཁྲོམ་འདོན་མཁན་ཚོང་པ་ཉི་ཚེ་བ་མང་དག་ཅིག་ཚུད་ཡོད་པ་རེད། གོང་གསལ་ཚོགས་པ་དེའི་འགོ་ཁྲིད་མཁན་ཨ་པེང་ཌ་སིང་གིས་གསར་འགོད་པར་བརྗོད་དོན། ཁོང་ཚོས་ལྡི་ལི་གསར་པའི་ས་གནས་སྲིད་གཞུང་ཁྲིམས་ལ་མ་སབྱར་སྔོན་དུ་གཞུང་གི་འབྲེལ་ཡོད་མི་སྣ་མཉམ་སྔ་རྗེས་ཚོགས་འདུ་ཐེངས་ ༡༢ ཚོགས་ཏེ་ཚོང་པ་ཉི་ཚེ་བའི་ཁེ་ཕན་འོས་ཤིང་འཚམས་པའི་ངང་ཐག་གཅོད་ཡོང་བའི་རེ་བ་བྱས་པ་ཡིན། འོན་ཏེ་གྲུབ་འབྲས་གང་ཡང་མ་སོན་སྟབས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་མ་བྱེད་དཀའ་མེད་དུ་གྱུར་བ་རེད། ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་དབྱིན་ཇིའི་ཁོངས་གཏོགས་མནའ་འབྲེལ་མཐུན་ཚོགས་ཀྱི་རྩེད་འགྲན་མཇུག་བསྒྲིལ་ནའང་། ལྡི་ལི་གསར་པའི་ས་གཞུང་གིས་ཡང་བསྐྱར་ལམ་ཟུར་དུ་ཁྲོམ་འདོན་མཁན་མང་པོ་ཞིག་ལྡི་ལི་ནས་ཕྱིར་འབུད་བཏང་རྗེས། ཁོང་ཚོར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་མི་སེམས་འགུལ་བའི་ཁྲིམས་ཐག་བཅད་པའི་གཏམ་བཟང་འདི་འབྱོར་བ་རེད། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་བཅད་ཁྲའི་ནང་འཁོད་དོན། “ལམ་ཟུར་དུ་ཁྲོམ་འདོན་པ་དེ་ཡང་པོའི་འཚོ་བ་གཉེར་ཐབས་ཀྱི་གཞི་རྩའི་ཁེ་དབང་ཞིག་ཡིན། སྲིད་གཞུང་ནས་རྩ་འཛིན་ལམ་སྟོན་ཞིག་ཡིག་ཐོག་གཏན་འབེབས་བྱས་ཏེ་ཁྲོམ་འདོན་མཁན་ཚོང་པ་ཉི་ཚེ་བ་རྣམས་ཀྱིས་བརྩི་སྲུང་ཞུ་འཇུག་དགོས་པ་ལས། ཉེས་རྡུང་དང་བཙན་ཤེད་བྱེད་མི་འོས། མི་གཅིག་ལམ་གཞུང་སྟེང་རང་དབང་གིས་འགྲོ་ཆོག་པ་ནང་བཞིན་ལམ་ཟུར་དུ་ཁྲོམ་འདོན་མཁན་གྱི་དབང་ཆ་དེ་ཡང་སྲུང་སྐྱོང་བྱེད་དགོས་པ་གཅིག་མཚུངས་རེད། སྲིད་གཞུང་ནས་ཕྱོགས་གཉིས་དབར་དོ་སྙོམ་བྱེད་དགོས་”ཞེས་འཁོད་འདུག ཡང་བཅད་ཁྲའི་ནང་། “ལམ་ཟུར་དུ་ཁྲོམ་འདོན་མཁན་རྣམས་དབུལ་ཕོངས་ཡིན་པས་སྒྲིག་འཛུགས་མེད་པའི་དབང་གིས་ཁོང་ཚོའི་གཞི་རྩའི་ཁེ་དབང་འཕྲོག་པ་དང་། དེ་མིན་འཛིན་སྐྱོང་གི་གཏན་འབེབས་འགྱུར་བ་ཡང་ཡང་བཏང་སྟེ་ཁོང་ཚོའི་གཞི་རྩའི་ཁེ་ཕན་ལ་དོ་ཕོག་བཏང་མི་ཆོག་”ཅེས་འཁོད་ཡོད་པ་དང་། མཐའ་མ་དེར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་”ས་གནས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དུས་ཚོད་ནང་འབྲེལ་ཡོད་ཀྱི་ཁྲིམས་དོན་ལག་བསྟར་བྱས་ཏེ་ཁྲོམ་འདོན་མཁན་རྣམས་ལ་སྲུང་སྐྱོབ་བྱེད་དགོས་”པའི་རེ་བ་བཏོན་ཡོད་པ་རེད།
གནས་ཚུལ་འདི་རྒྱལ་སྤྱིའི་དྲྭ་རྒྱའི་ནང་ནས་རྒྱ་ནག་གི་དྲྭ་རྒྱའི་ནང་འགོད་སྤེལ་བྱས་པ་བརྒྱུད་རྒྱ་ནག་གི་དྲྭ་རྒྱ་ཀློག་མཁན་མང་པོས་དོ་སྣང་དང་བགྲོ་གླེང་བྱས་རྗེས་མི་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ཁབ་དེར་རང་བཞིན་གྱི་གུས་སེམས་སྐྱེས་འདུག དྲྭ་རྒྱའི་ནང་གནས་ཚུལ་དེར་དཔྱད་གཏམ་སྤེལ་འདུག་པ་སྟེ། རྒྱ་ནག་གི་དཔོན་རིགས་དང་གྲོང་ཁྱེར་གྱི་གྲོང་མི་འགའ་རེས་ཁྲོམ་གཞུང་དང་ལམ་ཟུར་དུ་ཁྲོམ་འདོན་མཁན་ཡོད་པ་དེས་གྲོང་ཁྱེར་གྱི་སྒྲིག་ལམ་ལ་ཟིང་ཆ་བཟོས་པའི་ངོས་འཛིན་གྱི་ཡོད་པ་རེད། དཔྱད་བསྡུར་ཞིག་བྱས་ན། མི་རྣམས་ཀྱིས་གོང་གི་གསར་འགྱུར་དེའི་ཐོག་ནས་ཧ་ལས་དགོས་པའི་འདྲ་བ་དང་མི་འདྲ་བ་གཉིས་ཡོད་པ་མཐོང་ཐུབ་པ་རེད། འདྲ་བའི་ཆ་ནི། སྲིད་གཞུང་གི་དཔོན་རིགས་ཚོས་ཁྲོམ་འདོོན་མཁན་ཚོང་པ་རྣམས་ལ་ལྟ་བའི་རྣམ་འགྱུར་དང་། ཚོང་པ་ཉི་ཚེ་བར་འཕྲད་པའི་དཀའ་ངལ་གཅིག་མཚུངས་རེད། མི་འདྲ་བའི་ཆ་ནི། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ཚོང་པ་ཉི་ཚེ་བའི་རྒྱབ་རྩར་གྱུར་བ་དེ་རེད། དྲྭ་རྒྱའི་ནང་དཔྱད་གཏམ་སྤེལ་མཁན་ཚོས་མུ་མཐུད་བརྗོད་དོན། དཀའ་ངལ་གཅིག་མཚུངས་ཡིན་པའི་རྒྱ་གར་དང་རྒྱ་ནག་གི་ཚོང་པ་ཆུང་ཆུང་རྣམས་ལ་ལས་དབང་མི་འདྲ་བ་གནམ་སའི་ཁྱད་པར་ཡོད་པ་དེ་ནི། ཁྲིམས་ཀྱི་སྐད་ཆ་ཤོད་སྐབས། རྒྱ་གར་གྱི་ཁྲིམས་དཔོན་ཚོས་བཤད་པའི་སྐད་ཆར་ནུས་པ་ཐོན་གྱི་ཡོད། དེར་བརྟེན་ཚོང་པ་ཉི་ཚེ་བ་རྣམས་འ་ཆད་འུ་ཐུག་སྐབས་ཁྲིམས་ཁང་གི་སྒོ་རྡུང་ནས་ཁྲིམས་གཏུགས་བྱས་པར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་སྲིད་གཞུང་གི་ཐག་གཅོད་རྩིས་མེད་གཏོང་ཆོག་གི་ཡོད་པ་རེད། ཁྲིམས་དོན་འདི་འདྲ་བ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པས། མི་འགའ་རེས་ཁྲིམས་དོན་འདི་ལ་བལྟས་ཏེ་སྲིད་གཞུང་ལ་ཁ་མཆུ་བརྒྱབ་ཡོད་ཀྱང་། མཐའ་མ་དེར་ཉེས་མིང་གསར་པ་ཞིག་བཟོས་འདུག་པ་སྟེ། སྲིད་གཞུང་ལ་དམའ་འབེབས་བྱས་པའི་ཉེས་མིང་བཙུགས་ཏེ། སྒོ་ང་རྡོ་ལ་བརྡབ་ནས་ཐོབ་པ་དེ་ཤོར་བ་ལས་མང་བའི་མཇུག་འབྲས་ཤིག་བྱུང་བ་རེད། གོང་གི་གནས་ཚུལ་འདི་དག་ལ་བརྟེན་ནས་དྲྭ་རྒྱ་ཀློག་མཁན་ཚོས་འཚོར་ཤུགས་ཆེན་པོའི་ངང་། “ཡང་སྙིང་རྩེད་འགྲན་གལ་ཆེ་བ་རེད། ཡང་ན་འཚོ་ཐབས་གལ་ཆེ་བ་རེད། རྒྱ་གར་གྱི་སྲིད་གཞུང་སྙིང་རྗེ་བ་ལ་ཨཱ། ཁྲོམ་འདོན་མཁན་ཚོང་པ་ཆུང་ཆུང་གིས་ཀྱང་ཐུབ་ཚོད་གཏོང་གི་འདུག་གང་།” བཤད་དུས། དྲྭ་རྒྱ་ཀློག་མཁན་གཞན་ཞིག་གིས་ཁོང་ཚོ་སྐྱོ་པོ་ག་ཚོད་ཡིན་ནའང་གསོན་པོར་སྡོྡད་རིང་མི་ལ་མི་མཐོང་ཡོད་པ་རེད། ལྷག་པར་དུ་ཁོང་ཚོར་༼རྒྱ་གར་༽གྲོང་སྡེ་དོ་དམ་ལས་ཁང་ཟེར་བ་ཡོད་པ་མ་རེད་ཅེས་བཤད་པ་དང་ཆབས་ཅིག “དངོས་གནས་དྲོ་སྐྱིད་ལྡན་ཞིང་མཛེས་པའི་གྲོང་ཁྱེར་རེད། རྒྱ་ནག་གི་ལམ་ཟུར་དུ་ཁྲོམ་འདོན་མཁན་རྣམས་ཀྱང་ག་དུས་འདི་ལྟར་འོང་གི་རེད་”ཅེས་སེམས་ཚོར་ཆེན་པོས་དྲྭ་རྒྱའི་ཡི་གེ་འཇོག་སར་བྲིས་ཡོད་པ་རེད།། །།
རྒྱ་གར་ལྡི་ལི་ས་གཞུང་གིས་ལམ་ཟུར་དུ་ཁྲོམ་འདོན་མཁན་ཕྱིར་འབུད་བྱས་པ་དེ་རྩ་ཁྲིམས་དང་འགལ་བ་རེད་ཅེས་ཁྲིམས་ཐག་བཅད་པར་རྒྱ་ནག་གི་དྲ་རྒྱ་ཀློག་མཁན་རྣམས་ཡིད་སྨོན་སྐྱེས་པ།
གསར་གནས།
འབྲེལ་གནས།