ཟླ་བ་ ༡༡ ཚེས ༡༩ ༢༠༡༠

༄༅། །དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་སང་གྷ་སྨོན་ལམ་ཆེན་མོ་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གནང་སྲོལ་ཡོད་པ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༥ དང་བོད་ལྕགས་སྟག་ལོའི་ཟླ་བ་བཅུ་གཅིག་སྔ་མའི་ཚེས་བཅུ་ཉིན་ནས་བདུན་ཕྲག་གཅིག་ལྷག་རིང་ཚོགས་གནང་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ། དཔལ་ལྡན་དུས་གསུམ་མཁྱེན་པ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ནས་མི་ལོ་དགུ་བརྒྱ་ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ལོ་གཅིག་ཧྲིལ་པོར་སྲུང་བརྩི་གནང་རྒྱུའི་དབུ་འབྱེད་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ནས་ཉིན་གཉིས་རིང་བསྐྱང་རྒྱུའི་ཚོགས་མགོན་དུ་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས་པའི་ཀམ་ཚང་གི་རྒྱལ་བ་ཡབ་སྲས་རྣམ་པ་སོགས་བླ་སྤྲུལ་སྐྱེས་ཆེན་དགེ་འདུན་རྣམས་ཕེབས་བཞུགས་གནང་རྒྱུ་དང་། དེ་བཞིན་འབྲེལ་ཡོད་རང་གཞུང་གི་མཛད་གཙོ་ཁག་གཅིག་དང། རྒྱ་བལ་འབྲུག་གསུམ་སོགས་རྒྱལ་དབང་ཀརྨ་པ་སྐུ་ན་རིམ་དང་དད་དམ་གྱི་འབྲེལ་བ་ཡོད་པའི་ལྷ་སྡེ་མི་སྡེ་སྐྱ་སེར་རྣམས་མཉམ་འཛོམས་ཀྱིས་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་དགོངས་འཇགས་འཚལ།
བཀའ་བརྒྱུད་སྤྱི་འཐུས་འཁོར་ཚ་བསོད་ནམས་དགྲ་འདུལ་གྱིས་ཕྱི་ལོ་ ༢༠༡0 ཟླ་ ༡༡ ཚེས་ ༡༨ ཉིན། །

Share with your friends










Submit