ཟླ་བ་ ༡༡ ཚེས ༥ ༢༠༡༠

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་སྒོས་བསྟན་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དམ་པར་གནས་མཆོག་ཝ་ར་ཎ་སིར་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༢ ནས་ ༡༦ བར་སྤྱོད་འཇུག་ཆེན་མོ་དང་། སྒོམ་རིམ་བར་པའི་གསུང་ཆོས་བཀའ་དྲིན་བསྐྱང་བ་དང་སྟབས་བསྟུན། གཙོ་ཆེ་༸གོང་ས་མཆོག་གི་སྐུ་ཕྱྭ་དང་། བསྟན་སྲིད་བདེ་ཐབས། དེ་བཞིན་སྐྱེ་རྒུ་མདོ་དང་། མདོ་སྨད་འབྲུག་ཆུ་རྫོང། ལ་དྭགས་སོགས་ལ་རང་བྱུང་ཁམས་ཀྱི་གནོད་འཚེས་སྐྱེ་འགྲོ་མང་པོར་སྲོག་སྐྱོན་བྱུང་བ་དང་། ཡང་སྒོས་བོད་ནང་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་འདས་གྲོངས་སུ་གྱུར་བ་དང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་བཅས་མདོར་ན་འཛམ་གླིང་ཞི་བདེ་སོགས་ལ་དམིགས་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་འཕར་མ་ཞིག་ཀྱང་ཕྱི་ཟླ་ ༡ ཚེས་ ༡༠ ནས་འཚོགས་གཏན་འཁེལ་བ་བཅས་རྣམ་དཀར་ཆོས་ཕྱོགས་ཀྱི་བྱ་བ་རྒྱ་ཆེན་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་སྒོས་བསྟན་འགྲོར་སྨན་པའི་རྨད་བྱུང་མཛད་འཕྲིན་སྤྱི་དང་། བྱེ་བྲག་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་དགོས་གལ་གྱི་ཐུགས་བརྩེའི་ལམ་སྟོན་གནང་བའི་བཀའ་དྲིན་ཉག་གཅིག་ལ་བརྟེན་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་པར་མཛད་པ་སོགས་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ཆ་ཤས་ཙམ་ཡང་གཞལ་བར་དཀའ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་མགོན་པོ་གང་ཉིད་ཁམས་གསུམ་འགྲོ་ཀུན་སྤྱི་དང་། ཁྱད་པར་གངས་ལྗོངས་བསྟན་འགྲོའི་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བདག་ཅག་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གོང་མཐོར་སྤེལ་སླད་བཅས་ལེགས་ཚོགས་སྒོ་བརྒྱ་དུ་མར་དམིགས་ཏེ་དགེ་ལྡན་པའི་དགོན་སྡེ་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་འདུས་མང་གི་མངོན་འདོད་ལྟར་དགེ་ལྡན་པའི་བསྟན་པའི་མཛད་གཙོ་རྣམ་པ་དང་སྨོན་ལམ་ཚོགས་ཆུང། གསུང་ཆོས་ཀྱི་སྦྱིན་བདག་བཅས་བཀའ་བསྡུར་གྱིས་ཉེ་བའི་རིགས་བདག་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སྨོན་ལམ་ཚོགས་ཆུང་བཞུགས་སྒར་དུ་ཆེད་བཅར་གྱིས་སྙན་གསེང་སྒྲོན་འབུལ་ཞུས་པར་དེ་དོན་བཀའ་བཞེས་བཟང་མོ་ཐོབ་པར་བརྟེན། དད་ལྡན་སེར་སྐྱ་མི་མང་སྤྱྲི་དང་། ཁྱད་པར་དགོན་སྡེ་གྲྭ་ཚང་ཁག་གི་ལས་སྣེ་རྣམ་པས་ཐུགས་ཁུར་ཆེར་བཞེས་ཀྱིས་སྐལ་བཟང་གི་གོ་སྐབས་དེ་དག་དམ་འཛིན་གནང་གལ་ཆེ་བ་དང་། གསུང་ཆོས་དང་སྨོན་ལམ་ལ་བཅར་མཁན་རིས་མེད་དགོན་སྡེ་གྲྭ་ཚང་སོ་སོའི་དགེ་འདུན་པ་དང་བཙུན་མའི་ཞལ་གྲངས་ཇི་ཡོད་ཁ་གསལ་ཐོག་དོ་བདག་སོ་སོའི་འདྲ་པར་གཉིས་རེ་གྲྭ་ཚང་གི་ཕྱག་འཁྱེར་ཨང་གྲངས་དང་བཅས་ཕྱག་མཛོད་རྣམ་པ་སྔོན་ལ་ཕེབས་སྐབས་ངེས་པར་དུ་མཉམ་འཁྱེར་དམ་དོན་དགོས་པ་དང་། དམིགས་བཀར་དབུ་གུར་ནང་བཞུགས་མཁན་དགེ་འདུན་པ་དང་བཙུན་མའི་ཞལ་གྲངས་ཇི་ཡོད་ཁ་གསལ་ཞིག་ ༢༠༡༠ ཟླ་ ༡༡ ཚེས་ ༡ ནང་ཚུད་གཤམ་གསལ་ཁ་བྱང་ཐོག་ངེས་གནང་དགོས་པའི་གལ་ཆེའི་གསལ་བསྒྲགས་སུ།

Gelug Monlam Committee Tibetan Monastery sa 10/83 Sarnath

Varanas=221007(UP)Tel:(0542)2595990

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཝ་ར་ཎ་སི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ཡིག་ཚང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༨ ཉིན། །

Share with your friends










Submit