༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་རང་དབང་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་གྲོང་ཁྱེར་ཧི་རོ་ཤི་མའི་ཞི་བའི་རྗེས་དྲན་གྱི་སྐྱེད་ཚལ་ཞེས་པའི་ཐང་ཆེན་གྱི་མདུན་དུ་མང་ཚོགས་ ༥༠༠ བརྒལ་བ་འདུ་འཛོམས་ཐོག་མཇུག་བསྡོམས་ཀྱི་མཛད་སྒོ་ཚོགས་ཡོད། དེ་ཡང་སྐབས་དེར་ཐོག་མར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོགས་བཅར་བ་མི་སྣ་དྲུག་གིས་རྡུལ་ཕྲན་མཚོན་ཆའི་རྐྱེན་ངན་འོག་ཚེ་སྲོག་ཤོར་བའི་ཧི་རོ་ཤི་མ་དང་ན་ག་ས་ཀིའི་གྲོང་ཁྱེར་མི་མང་ཚོའི་ཆེད་རྗེས་དྲན་གུས་འདུད་ཞུས་ཏེ་ཚེ་འདས་རྣམས་ཀྱི་མིང་བྱང་བཀོད་པའི་རྡོ་ཆེན་ཞིག་ཡོད་པའི་མདུན་དུ་མེ་ཏོག་ཕུལ། དེ་རྗེས་ཞི་བདེ་ལྷན་ཚོགས་ཐེངས་ ༡༡ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་ཀྱི་མཛད་སྒོ་དབུ་འཛུགས་ཀྱིས་གསལ་བསྒྲགས་གནང་། དེ་ཡང་ཐོག་མར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག་གིས་གསུང་བཤད་གནང་། དེ་རྗེས་ལྕམ་སྐུ་མ་གུ་རེ་མཆོག་དང་ཨེལ་བྷ་ར་ཌེ་མཆོག ཇུ་ཌི་ཝིལ་ལེམ་སི་མཆོག ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་བཅས་ཀྱིས་རིམ་པས་གསུང་བཤད་གནང་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་ཁྱེད་ཚོར་དོན་ཚན་གསུམ་ཞུ་འདོད་བྱུང་། དང་པོ་དེ་ངོས་རང་ཐེངས་དང་པོ་འདིར་ཡོང་སྐབས་སེམས་ནང་ཚོར་ཤུགས་ཆེན་པོ་སྐྱེས་བྱུང་། ད་ཆ་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀིའི་མི་མང་ཚོའི་སྙིང་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད། ཁྱེད་ཚོའི་སེམས་ཤུགས་དེ་འཛམ་གླིང་གི་ས་ཕྱོགས་ཚང་མར་ཁྱབ་པ་ཞིག་བྱེད་དགོས། གྲོང་ཁྱེར་གཉིས་ཀྱི་མི་མང་ཚོས་རྡུལ་ཕྲན་མཚོན་ཆའི་འོག་རང་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཡོད་ཀྱང་འཁོན་ལན་སློག་རྒྱུའི་བསམ་བློ་མེད་པ་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་དངོས་གནས་ཡག་པོ་རེད། ངོས་ཀྱི་ངོ་ཤེས་ཉི་ཧོང་གི་གྲོགས་པོ་མང་པོ་ཡོད། ཁོང་ཚོས་ནམ་ཡང་ཨ་རི་ལ་འཁོན་འཛིན་གྱི་བསམ་པ་བཅངས་ཀྱི་མེད། ཕྱོགས་མཚུངས་ཇར་མན་མི་གཅིག་གིས་ཀྱང་ཁོང་ཚོའི་ཁ་གཏད་རྒྱལ་ཁབ་དེར་འཁོན་འཛིན་གྱི་བསམ་པ་བཅངས་ཀྱི་མེད། འདས་པའི་གནས་ཚུལ་དེ་འདས་ཟིན་པ་ཞིག་རེད། ང་ཚོས་མ་འོངས་པའི་གནས་སྟངས་ལ་བལྟ་དགོས། ད་ཆ་འཛམ་གླིང་གི་ཚ་དྲོད་རྒྱས་པ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དེ་དག་གིས་ང་ཚོར་བརྡ་ལན་ཞིག་སྤྲོད་ཀྱི་ཡོད། མི་སྒེར་དང་རྒྱལ་ཁབ་ཀྱི་གནས་སྟངས་གཉིས་ཀའི་ཆ་ནས་ང་ཚོས་རང་ཉིད་ཀྱི་ཁེ་ཕན་རྐྱང་པར་བསམ་བློ་གཏོང་རྒྱུ་མེད། འཛམ་གླིང་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་ཀྱིས་ཐོག་ནས་གནས་ཐབས་བྱེད་དགོས། རྙོག་གྲ་ཡོང་གཞིའི་དོན་དག་དང་ང་ཚོ་ཕན་ཚུན་མི་མཐུན་པ་རྣམས་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐུབ། དེར་བརྟེན་དྲག་པོ་བེད་སྤྱོད་བྱ་རྒྱུ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་རེད། འཛམ་གླིང་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་ཚོས་དེ་ཤེས་པ་བྱེད་དགོས། ད་ཆ་དུས་ཚོད་དང་དངོས་ཡོད་གནས་ཚུལ་གསར་པ་ཞིག་ཆགས་པ་ནི་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ཁོ་ནའི་ཐོག་ནས་སེལ་དགོས། ས་གནས་འདི་ནས་ངོས་ཀྱིས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་དང་བཟོད་བསྲན་སྐོར་ཤོད་ཀྱི་ཡོད། དེར་བརྟེན་ཆོས་ལུགས་དེ་ཚོའི་དབུ་ཁྲིད་ཚོས་འགན་མང་ཙམ་བཞེས་ཏེ་ལས་འགུལ་ཤུགས་ཆེ་རུ་སྤེལ་ཐབས་གནང་དགོས། ཆོས་ལུགས་སོ་སོའི་ལྷ་ཁང་ནང་སྨོན་ལམ་བརྒྱབ་པ་ཙམ་གྱི་མི་ཆོག མང་ཚོགས་ཁྲོད་མར་ཕེབས་ཏེ་ལས་འགུལ་ནང་ཉམས་ཞུགས་གནང་དགོས། དེ་ངོས་ཀྱིས་ས་གནས་འདི་ནས་འབོད་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་། དེ་བཞིན་ངོས་ཀྱི་གྲོགས་པོ་ཚན་རིག་པ་མང་པོ་ཡོད་པ་ཁོང་ཚོ་ལའང་འབོད་སྐུལ་ཞུ་རྒྱུ་ཡིན། ཁོང་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པའི་རྗེས་འབྲས་ཇི་བྱུང་དང་མཚོན་ཆ་དེ་ཚོར་འགྲོ་སོང་ཇི་ཡིན་ཤེས་ཀྱི་ཡོད། དེར་བརྟེན་ཚན་རིག་པ་ཚོས་མང་ཚོགས་ལ་དེའི་སྐོར་གཏམ་བཤད་གང་མང་བྱེད་དགོས་པ་མ་ཟད། མཚོན་ཆ་དེ་དག་བེད་སྤྱོད་བྱ་རྒྱུ་དེ་ཕྱོགས་གཅིག་ལ་རྒྱལ་ཁ་ཐོབ་རྒྱུ་དང་ཕྱོགས་གཞན་ལ་ཕམ་ཉེ་འགྲོ་རྒྱུ་དེ་འདྲ་རྩ་བ་ནས་མེད་པར་ཕན་ཚུན་གཉིས་ཀ་རྩ་མེད་འགྲོ་རྒྱུ་ཡིན་པ་དེ་མི་མང་ཚོར་ངེས་པ་རྙེད་པ་ཞིག་བཟོ་དགོས། ངོས་ཀྱི་གྲོགས་པོ་ཚན་རིག་པ་ཞིག་ཡོད། ཁོང་གིས་ངོས་ལ་ཚན་རིག་པ་ ༢༠༠༠༠ ཙམ་གྲོང་ཁྱེར་འདིར་སྐབས་སྐབས་ལ་འདུ་འཛོམས་བྱེད་ཀྱི་ཡོད་པ་བརྗོད་བྱུང་། ད་ཆ་ཁོང་འདས་ཟིན་པ་རེད། དེ་བཞིན་ཚོང་པ་ཚོ་ལའང་ལས་འགན་ཡོད། གལ་ཏེ་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་བྱུང་བ་ཡིན་ན་ཁོང་ཚོའི་ཚོང་ལ་ཕམ་ཉེ་ཡོང་རྒྱུ་རེད། དེར་བརྟེན་ཚོང་པ་ཕོ་མོ་སུ་ཡིན་རུང་རྡུལ་ཕྲན་མཚོན་ཆ་འགོག་ཐབས་ཀྱི་ལས་འགུལ་ནང་འགན་ཁུར་མང་ཙམ་བཞེས་ཏེ་ལས་འགུལ་སྤེལ་དགོས། གནས་ཚུལ་ཞུ་རྒྱུ་གཞན་ཞིག་ལ་དུས་རབས་ ༢༠ པའི་མཇུག་ཙམ་ནས་འཛམ་གླིང་འདི་མི་མང་ཚོར་བདག་ཡོད་པའི་རྣམ་པ་གསལ་པོ་བཏོན་ཡོད། འཛམ་གླིང་འདི་གཞུང་ལ་བདག་མེད། འགྱུར་བ་ཆེན་པོ་གཏོང་རྒྱུའི་ནུས་པ་དེ་མཐར་གཏུགས་ན་མི་མང་ཚོར་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་དེ་འདྲ་རྒྱལ་ཁབ་བརྒྱུད་ནས་ཡོང་གི་མེད། འགྱུར་བ་དེ་མི་མང་ཚོས་ཞི་བའི་ཐབས་ལམ་བརྒྱུད་ནས་ཡོང་གི་ཡོད། དེར་བརྟེན་འཛམ་གླིང་འགྱུར་བ་གཏོང་རྒྱུའི་མཐར་ཐུག་གི་དབང་ཆ་དེ་མི་མང་ཚོར་ཡོད་པ་ལས་མཉམ་འབྲེལ་རྒྱལ་ཚོགས་ལ་མེད། ང་ཚོས་མི་མང་ཞེས་བརྗོད་སྐབས་མི་སྒེར་པ་རེ་རེ་བསྡུས་པ་ལས་བྱུང་། དེར་བརྟེན་ང་ཚོ་མི་རེ་ངོ་རེར་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་གཞི་དེར་ཞབས་འདེགས་སྒྲུབ་ཐུབ། འཛམ་གླིང་ཞི་བདེ་དང་དུས་རབས་བདེ་སྐྱིད་ལྡན་པ་ཞིག་ཡོང་མིན་དེ་མཐར་གཏུགས་ན་མི་མང་ཚོར་རག་ལུས་ཡོད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན། ངོས་ཀྱི་ཉིན་རེའི་ཉམས་ལེན་གྱི་ཆ་ཤས་འགའ་ཤས་སྨོན་ལམ་རྒྱག་རྒྱུ་དེ་རེད། འོན་ཀྱང་ངོས་ཀྱིས་སྨོན་ལམ་བརྒྱབ་ནས་ནུས་པ་འཐོན་མིན་དེ་ཐེ་ཚོམ་རེད། སྨོན་ལམ་རྒྱག་རྒྱུ་དེ་མི་སྒེར་ལ་ཆ་བཞག་ན་འགྲིག་གི་ཡོད། འཛམ་གླིང་སྤྱི་ཡོངས་ལ་སྨོན་ལམ་གྱི་ཚབ་ཏུ་དངོས་སུ་ལག་ལེན་བསྟར་རྒྱུ་དེ་གལ་ཆེ་བ་ཆགས་ཡོད། ནང་པ་ཞིག་གི་ལྟ་ཚུལ་ཐོག་ནས་བརྗོད་པ་ཡིན་ན་འཛམ་གླིང་གི་དཀའ་ངལ་དེ་དག་དཀོན་མཆོག་གིས་བཟོས་པ་ཞིག་མིན་པར་ང་ཚོ་མིས་བཟོས་པ་ཞིག་རེད། དཀའ་ངལ་དེ་དཀོན་མཆོག་གིས་བཟོས་པ་ཞིག་ཡིན་ན་དཀོན་མཆོག་ལ་སྨོན་ལམ་བརྒྱབ་ན་འགྲིག སྤྱིར་ནང་པ་ཚོས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། གཞུང་ལས་མི་མང་གི་ལས་འགུལ་གལ་ཆེ་བ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་གྲུབ་བསྟུན། གྲོང་ཁྱེར་ཧི་རོ་ཤི་མའི་སྤྱི་ཁྱབ་སྐུ་ཞབས་ཏ་ཌ་ཏོ་ཤི་ཨ་ཀི་བྷ་མཆོག་དང་ཧི་རོ་ཤི་མའི་སྲིད་སྐྱོང་བ་སྐུ་ཞབས་ཧི་ཌེ་ཧི་ཀོ་ཡུ་ཛ་ཀི་མཆོག་ནས་རིམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ཨི་ཊ་ལི་རྐང་རྩེད་པོ་ལོ་མཁས་པ་སྐུ་ཞབས་རོ་བྷར་ཏོ་བྷེ་ཇོ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་དང་མི་མང་དཀའ་ངལ་འོག་ཚུད་པ་རྣམས་ལ་རོགས་སྐྱོབ་བྱས་པར་ངོས་འཛིན་གྱིས་ཞི་བདེ་ལྷན་ཚོགས་ཀྱི་གཟེངས་རྟགས་གནང། དེ་ནས་༸གོང་ས་མཆོག་གིས་རྡུལ་ཕྲན་མཚོན་ཆའི་གནོད་འཚེའི་འོག་གསོན་པོར་གནས་པའི་མི་གཉིས་ལ་ཞི་བདེ་ལྷན་ཚོགས་ཀྱི་དམིགས་བསལ་གཟེངས་རྟགས་སྩལ་གྲུབ་མཚམས། ཨ་རིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པའི་མཐའ་མའི་བསྒྲགས་གཏམ་ཞིག་གསལ་བསྒྲགས་གནང་སྟེ་མཛད་སྒོ་གྲོལ། དེ་རྗེས་མཛད་སྒོ་ཚོགས་སའི་ཉེ་འཁྲིས་སུ་ཡོད་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་དྲུག་དང་ཕྱི་ནང་གི་གསར་འགོད་པ་མི་གྲངས་ ༡༠༠ ལྷག་ཙམ་འདུ་འཛོམས་ཀྱིས་དྲི་བ་དྲིས་ལན་སྐར་མ་ ༣༠ ཙམ་གནང་ཡོད་པ་བཅས།།