༢༠༡༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་རིང་ཐའི་ལེན་ཌིའི་རྒྱལ་ས་བྷེང་ཀོག་ཏུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད། དེ་ཡང་ཚོགས་འདུའི་ཐོག་རྒྱལ་ཁབ་འདྲ་མིན་དང་བོད་པའི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༣༥༠ ཙམ་གྱིས་ལྷན་ཞུགས་གནང་ཡོད། ཚོགས་འདུའི་སྐབས་གླེང་མོལ་གནང་རྒྱུའི་གནད་དོན་གཙོ་བོ་ནི། ལྷོ་ཤར་ཨེ་ཤི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་དང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཇི་འདྲ་བྱེད་དགོས་མིན་གྱི་ཐབས་ལམ་སོགས་ཀྱི་སྐོར་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད། ལྷོ་ཤར་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ལྷན་ཚོགས་ (Southeast Asia Human Rights Studies Network) ཞེས་པའི་ཚོགས་པས་གོ་སྒྲིག་གནང་བའི་ཚོགས་འདུ་དེའི་སྐབས་ཤེས་ཡོན་མི་སྣ་ཁག་གཅིག་དང་། ་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། རྒྱལ་ཁབ་བྱེ་བྲག་པ་དང་རྒྱལ་སྤྱིའི་སྐུ་ཚབ་བཅས་ཕེབས་ཡོད། དེ་ཡང་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་སྐབས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་གསུང་དོན། ཚོགས་འདུའི་སྐབས་ལྷོ་ཤར་ཨེ་ཤི་ཡེའི་ནང་དེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཡིན་སྐོར་བགྲོ་གླེང་མཐིལ་ཕྱིན་པ་ཞིག་དང་ནུས་ལྡན་ཞིག་ཡོང་རྒྱུའི་རེ་བ་བརྟན་པོ་ཡོད་ཅེས་གསུངས།
དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཡོངས་མཐུན་ཚོགས་ (The Association of Southeast Asian Nations) ཀྱི་དྲུང་ཡིག་སུ་རིན་པིཊ་སུ་ཝན་ (Dr.Surin Pitsuwan) ལགས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་འགྱུར་འགྲོས་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་ལ་རྩིས་འཇོག་མི་བྱེད་མཁན་རྣམས་དུས་ཡུན་རིང་ཐུང་མ་གཏོགས་ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་དང་མཐུན་པར་འགྲོ་དགོས་པ་ཞིག་ཆགས་རྒྱུ་ཡིན་ཞེས་གསུངས། དེ་བཞིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་མཚོ་མོ་ལགས་ཀྱིས་ཨེ་ཤི་ཡའི་ཡེ་ཤུའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ (Asian Christian Human Rights Concern Network) ཞེས་པའི་ཚོགས་པས་གོ་སྒྲིག་གནང་བའི་ཞར་བྱུང་གི་ཚོགས་འདུའི་ཐོག་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཐོག་གསུང་བཤད་གནང་བ་དང་སྦྲགས་བོད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།