༢༠༡༠ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཡུ་རོབ་བོད་རིགས་ཚོགས་ཆེན་ཐེངས་གཉིས་པའི་གོ་སྒྲིག་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན།
སྔོན་གླེང༌།
ཡུ་རོབ་བོད་རིགས་མི་མང་གི་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་པཱ་རེ་སི་གྲོང་ཁྱེར་གྱི་རྫོང་ཁག་ ༡༡ གི་གཞུང་འབྲེལ་མཛད་སྒོ་ཚོགས་ཁང་དུ་ཚོགས་ཡོད། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་འདི་བཞིན་ལོ་གཉིས་ནང་བོད་རིགས་ཚོགས་པ་ཡོངས་རྫོགས་ཀྱི་སྤྱི་ཁྱབ་ཚོགས་འདུ་ཞིག་ཡིན་པ་དང། དེའི་རྩ་བའི་དམིགས་ཡུལ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་གཅེས་ནོར་རིག་གཞུང་རྒྱུན་འཛིན་དང་དར་ཁྱབ། ཡུ་རོབ་ནང་གནས་བཞུགས་བོད་རིགས་ཡོངས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང༌། ལེགས་བྱང༌། མང་གཙོའི་ལམ་ལུགས། ཁྲིམས་ཀྱི་དབང་བསྒྱུར་གྱི་གོ་རྟོགས། གནས་སྡོད་ཡུལ་ལུང་གི་ཡུལ་མི་དང་བོད་རིགས་དབར་མཐུན་ལམ་ཡོང་བ་སོགས་ཀྱི་ལས་སྒོའི་མཐུན་རྐྱེན་བསྐྲུན། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ཁག་དང༌། ལས་དོན་འཆར་འགོད་ཁག་ལ་བསྐྱར་དུ་ཐུགས་སྣང་གཞེན་བསྐུལ་བཅས་ཡིན་འདུག
ཆབ་སྲིད་དང་འབྲེལ་བའི་སྐོར།
༡༽ ཕ་རན་སིའི་རྒྱལ་ས་པཱ་རེ་སིར་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུར་ངོ་བཅར་རྒྱལ་ཁབ་བཅུ་གཉིས་ནས་ཕེབས་པའི་སྐུ་ཚབ་ཚང་མས་བློ་སེམས་མགྲིན་དབྱངས་གཅིག་གི་སྒོ་ནས་བསྒྲགས་དོན། བོད་གངས་ཅན་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་བཙན་བྱོལ་བོད་གཞུང་ནི་བོད་རྒྱལ་ཁབ་དང་མི་མང་གིས་ངོས་འཛིན་ལྡན་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཁོ་ན་ཡིན། སྤྱི་མོས།
༢༽ དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་མང་གི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་པར། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་རང་གཞུང་གི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་སྒྲུབ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྟབས། ཡུ་རོབ་གནས་སྡོད་བོད་རིགས་ཚང་མས་སྲིད་བྱུས་དེར་ལྷག་བསམ་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ། སྤྱི་མོས།
༣༽ ཡུ་རོབ་ཏུ་བཅའ་བཞུགས་བོད་རིགས་མི་མང་ཀུན་གྱིས་རྡོག་རྩ་ཆིག་སྒྲིལ་སྒོ་ནས། རང་གཞུང་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུར་སླར་ཡང་དམ་བཅའ་བརྟན་པོ་ཞིག་འཇོག་རྒྱུ། སྤྱི་མོས།
༤༽ བོད་གཞུང་མང་གི་གནས་སྐབས་ཀྱི་ཁ་གཏད་གཅོག་ས་ནི་རྒྱ་དམར་གཞུང་གི་རྒྱ་རིགས་ཆེན་པོའི་ལྟ་སྤྱོད་ལ་གཞི་བཅོལ་བའི་བོད་ལ་འཛིན་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དང་། དཔལ་འབྱོར་བཤུ་གཞོག་གི་སྲིད་བྱུས། དེ་མིན་འདས་པའི་ལོ་ངོ་ ༥༡ ལྷག་རིང་བོད་ཀྱི་ཞི་བའི་མི་སེར་ཚོར་མཇུག་རྫོགས་རྒྱུ་མེད་པའི་དྲག་གནོན་གྱི་སྲིད་བྱུས་དེ་དག་ཡིན་སྟབས། བོད་མི་ཚོས་ཕྱི་ནང་གི་དགྲ་གཉེན་དབར་གྱི་ཁྱད་པར་ལེགས་པར་ཕྱེས་ཏེ་མི་མང་གི་ཆིག་སྒྲིལ་གྱི་ནུས་སྟོབས་གོང་མཐོར་བཏང་སྟེ། རྒྱ་གཞུང་གིས་བོད་ལ་ཉམས་རྒུད་གང་བྱས་དང་བྱེད་བཞིན་པ་དེ་དག་ལ་མཐའ་གཅིག་ཏུ་ཆོད་སེམས་བརྟན་པོས་ངོ་རྒོལ་བྱ་རྒྱུ། སྤྱི་མོས།
༥༽ དེང་སང་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོར་གོ་བ་ལོག་སྒྲུབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོ་དབར་གདམ་ཀ་ཟེར་བའི་ཀླད་མེད་ཀྱི་འཆལ་གཏམ་སྤེལ་མཁན་དེའི་རིགས་ལ་མང་ཚོགས་ཀྱིས་རྩ་བ་ཉིད་ནས་མགོ་འཁོར་མི་རུང་། མང་མོས།
༦༽ རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་ནང་གསང་འཛུལ་བྱས་ཏེ་བོད་གཞུང་དང་མི་མང་དབར། ཡང་ན་མི་མང་ཕན་ཚུན་དབར་ཁ་བྲལ་གྱི་ལས་འགུལ་བརྩམས་དང་རྩོམ་བཞིན་པའི་སྐབས་འདིར། ཡུ་རོབ་ཁུལ་དུ་རྒྱ་དམར་གཞུང་ཚབ་ཁག་གིས་བོད་དབང་བསྒྱུར་རྒྱུན་འཁྱོངས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་པའི་དྲིལ་བསྒྲགས་ལོག་པའི་མཛད་སྒོ་དང་ཐུགས་སྤྲོར་བོད་རིགས་མཉམ་ཞུགས་བྱེད་མཁན་ལ་སྔོན་འགོག་དང་མང་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། སྤྱི་མོས།
ཤེས་ཡོན་དང་འབྲེལ་བའི་སྐོར།
༡༽ ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་འཚར་ལོངས་བྱེད་བཞིན་པའི་མི་རབས་གསར་པ་ཚོ་བོད་ཡིག་སློབ་སྦྱོང་སྤྲོད་ཕྱོགས་ཐད། བོད་རིགས་ཚོགས་པ་ཁག་གི་འགན་འཛིན་དང་། སློབ་གསོ་དང་འབྲེལ་ཡོད་དགེ་རྒན་དང་ལས་བྱེད་སོགས་ལོ་གཉིས་ནང་སྤྱི་ཁྱབ་ཚོགས་འདུ་ཞིག་འཚོགས་ཏེ་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་ཕྱིར་འབད་བརྩོན་བྱ་རྒྱུ། སྤྱི་མོས།
༢༽ བོད་ཡིག་སྦྱོང་བཞིན་པའི་སློབ་ཕྲུག་ཚོའི་བར་ལ་བོད་ཡིག་འབྲི་ཀློག་དང་གཞས་སྣ་འགྲན་བསྡུར་གྱི་དུས་སྟོན་དེ་འདྲ་གོ་སྒྲིག་བྱ་རྒྱུ། སྤྱི་མོས།
༣༽ བོད་ཡིག་སྦྱོང་བཞིན་པའི་སློབ་ཕྲུག་ཚོར་དབྱར་ཁའི་སློབ་གྲྭའི་གུང་གསེང་སྐབས་དང་སྟབས་བསྟུན་ཏེ། བོད་ཀྱི་རིག་གཞུང་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུ། སྤྱི་མོས།
༤༽ ཡུ་རོབ་བོད་རིགས་མི་མང་ཚོའི་ཆེད་དུ་བོད་ཚོགས་དང་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཟུང་འབྲེལ་གྱིས་སྒོ་ནས་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་གི་ལས་གཞི་བང་རིམ་བསྒྲིགས་ཏེ་མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་གོང་མཐོར་གཏོང་རྒྱུ། སྤྱི་མོས།
དཔལ་འབྱོར་སྐོར།
༡༽ ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་དཔལ་འབྱོར་ཡར་རྒྱས་ཐད་ཚོགས་པ་ཚང་མས་ལོ་རེར་ཚོགས་དངུལ་གཏན་འབེབ་ལྟར་ངེས་པར་དུ་བསྡུ་རྒྱུ། སྤྱི་མོས།
༢༽ ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་དངུལ་བསྡུ་རུབ་ལས་སླ་བོའི་ཡོང་ཆེད། དངུལ་ཁང་བརྒྱུད་བོད་རིགས་ཚོས་དངུལ་ཁང་འཛིན་བྱང་ཨང་ཀིའི་སྟེང་ཚོགས་མི་ཚོས་དང་བླངས་ཀྱིས་ཐད་གཏོང་བྱ་རྒྱུ། སྤྱི་མོས།
༣༽ ཡུ་རོབ་བོད་རིགས་ཚོགས་པས་ས་གནས་ཀྱི་གཞུང་དང་། རྫོང་སྡེ་ཁག་གཙོ་བོ་བྱས་ཏེ་འབྲེལ་ཡོད་ཚན་པ་བཅས་ཀྱིས་འཆར་གཞི་མཉམ་སྒྲིག་བྱས་ཏེ་དཔལ་འབྱོར་འདུ་འགོད་བྱ་རྒྱུ། སྤྱི་མོས།
༤༽ བོད་གཞུང་གི་ལས་འཆར་ངེས་གཏན་ལ་གཞིགས་ཏེ་ལོ་རེར་ཡུ་རོབ་བོད་རིགས་མི་རེའི་ངོས་ནས་བོད་གཞུང་ལ་ཡུ་སྒོར་རེའི་ཞལ་འདེབས་འབུལ་རྒྱུ། སྤྱི་མོས།
༥༽ ཡུ་རོབ་བོད་རིགས་ཚོགས་པའི་ངོས་ནས་ས་གནས་མི་འབོར་ལ་གཞིགས་ཏེ་ལོ་རེར་མི་རེས་ཡུ་སྒོར་རེ་འབུལ་རྒྱུ། མང་མོས།
༦༽ བོད་རིགས་ཚོགས་པའི་དཔལ་འབྱོར་འདུ་འགོད་ཆེད་ས་གནས་སོ་སོའི་དུས་ཆེན་སྐབས་ཚོང་ཟོག་དང་ཟས་རིགས་ཚོང་བསྒྱུར་བྱ་རྒྱུ། སྤྱི་མོས།
༧༽ ས་གནས་བོད་རིགས་ཚོགས་པས་བོད་གཞུང་གི་དཔལ་འབྱོར་ལ་དམིགས་ཏེ་མཛད་སྒོ་ཞིག་གོ་སྒྲིག་བྱས་ཏེ་ཁེ་འབབ་ཡོངས་རྫོགས་བོད་གཞུང་ལ་འབུལ་རྒྱུ། སྤྱི་མོས།
དང་བླངས་དཔྱ་ཁྲལ་ལག་དེབ།
༡༽ ཡུ་རོབ་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་ཟུང་འབྲེལ་གྱིས་འགན་འཁུར་ནས་དཔྱ་ཁྲལ་འབུལ་མི་མང་དུ་གཏོང་ཐབས། སྤྱི་མོས།
༢༽ དང་བླངས་དཔྱ་ཁྲལ་འབུལ་མཁན་ཇེ་མང་ཡོང་ཐབས་སུ་བཙན་བྱོལ་གཞུང་ནས་ད་ཡོད་ཀྱི་དཔྱ་ཁྲལ་དཀའ་ངལ་སེལ་ཆེད་དམིགས་བསལ་ཐུགས་སྣང་ཡོང་རྒྱུར་རེ་སྐུལ་ཞུ་རྒྱུ། སྤྱི་མོས།
༣༽ དཔྱ་ཁྲལ་དངུལ་འབོར་བྱུང་སོང་ཅི་ཡིན་བོད་རིགས་ཡོངས་ཀྱི་ཤེས་རྟོགས་གཙང་མ་ཡོང་ཆེད་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམ་པས་མི་མང་ཚོར་གསལ་བཤད་གཙང་མ་ཡོད་པ་བཟོ་རྒྱུ། སྤྱི་མོས།
༤༽ དང་བླངས་དཔྱ་ཁྲལ་མི་འབུལ་མཁན་ཚོ་གསལ་ཁ་གཙང་མ་ཡོང་སླད། དུས་དྲན་དང་དུས་ཆེན་སྐབས་དྲན་གསོའི་ཆེད་མིང་ཐོ་ཟུར་འདོན་བྱ་རྒྱུ། སྤྱི་མོས།
ལས་འགུལ་མཉམ་འབྲེལ་གོང་འཕེལ།
༡༽ ཡུ་རོབ་བོད་རིགས་ཚོགས་པའི་འབྲེལ་ལམ་དང་ལས་འགུལ་གོང་འཕེལ་ཡོང་སླད་ཚོགས་གཙོ་ཁག་གིས་དྲ་ལམ་ skypeབརྒྱུད་ཟླ་རེར་ལས་དོན་ཐད་འབྲེལ་བ་གཏིང་ཟབ་གནང་རྒྱུ།
༼འདི་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་སྐབས་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་ཉམས་མྱོང་གཞིར་བཞག་པ་ཞིག་ཡིན།༽ སྤྱི་མོས།
༢༽ ཕྱི་ལོ་ ༢༠༡༡ ལོའི་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་གཙོའི་ཚོགས་འདུ་བྷེལ་ཇམ་དུ་ཚོགས་སྐབས་བོད་དོན་ལ་དོ་སྣང་ཡོང་ཆེད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིར་ཐུགས་སྣང་གཞེན་བསྐུལ་ཞུ་རྒྱུ། སྤྱི་མོས།
༣༽ དབྱར་ཁའི་སློབ་མའི་གུང་གསེང་སྐབས་སུ་ས་གནས་རང་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་དང་། ཡང་ན་ཡུ་རོབ་བོད་རིགས་ཚོགས་པ་ཁག་རེས་མོས་མཉམ་འབྲེལ་གྱིས་ས་གནས་གཅིག་ཏུ་འཛོམས་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་བྱ་རྒྱུ། སྤྱི་མོས།
༤༽ ཡུ་རོབ་བོད་རིགས་ཚོགས་པ་ཚང་མའི་འགན་འཛིན་ལྷན་ཚོགས་ཀྱི་ལས་ཡུན་ལོ་གསུམ་རིང་གཅིག་གྱུར་ཡོང་བ་བྱ་རྒྱུ། མང་མོས།
ཆབ་སྲིད་ལས་དོན།
༡༽ བོད་རིགས་ཚོགས་པ་ཁག་དང་སྦིར་སལ་རང་གཞུང་སྐུ་ཚབ་དོན་གཅོད། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་མཉམ་རུབ་ཀྱིས་ལོ་གཅིག་ནང་ཡུ་རོབ་གྲོས་ཚོགས་འཐུས་མི་ཚོའི་སར་བོད་དོན་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞིག་དངོས་སུ་སྤེལ་རྒྱུ། སྤྱི་མོས།
༢༽ ལོ་གཉིས་རེའི་མཚམས་སུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་གྱིས་ས་གནས་གང་རུང་ཞིག་ཏུ་ལྷན་འཛོམས་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་རྒྱུན་འཁྱོངས་བྱ་རྒྱུ། སྤྱི་མོས།
༣༽ ཡུ་རོབ་ས་གནས་ཁག་ཏུ་བོད་རྒྱ་མཐུན་ཚོགས་གསར་འཛུགས་ཆེད། ས་གནས་ཀྱི་རྒྱ་རིགས་མི་སྣ་ཁག་དང་འབྲེལ་ལམ་གོང་འཕེལ་བཏང་སྟེ། བོད་དོན་གོ་རྟོགས་འཕེལ་རྒྱས་དང་། རིག་གཞུང་བརྗེ་རིས་སོགས་བྱ་རྒྱུ། སྤྱི་མོས།
༤༽ ཡུ་རོབ་བོད་རིགས་ཚོགས་ཆེན་སྐབས་གསུམ་པའི་མཇུག་བསྡོམས་མཛད་སྒོའི་སྐབས་སུ་ཚོགས་བཅར་བ་ཡོངས་ཀྱིས་ས་གནས་རང་ནས་ལས་དོན་དྲིལ་བསྒྲགས་ཆེད་མར་མེ་ཁྲོམ་སྐོར་བྱ་རྒྱུ། སྤྱི་མོས། བཅས་ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ པའི་ཚེས་ ༡༧ ཉིན་ཡུ་རོབ་བོད་རིགས་ཚོགས་ཆེན་ཐེངས་གཉིས་པ་ཕ་རན་སིའི་རྒྱལ་ས་པཱ་རེ་སིར་གྲོས་ཆོད་དུ་གཏན་ལ་ཕབ་པ།