༢༠༡༠ ཟླ་ ༡༠ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ༞་གྲོས་རྒྱལ་མཚན་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་སི་ཀོཊ་ཌེ་ལི་སི་ (Scott Delisi) མཆོག་དང་མཇལ་འཕྲད་གནང་འདུག དེ་ཡང་དམིགས་བསལ་སྐུ་ཚབ་མཆོག་ནས་ཐེངས་འདིའི་མཇལ་འཕྲད་དེ་བལ་ཡུལ་ནང་བོད་མི་ཚོ་དང་འབྲེལ་བའི་གནད་དོན་སྐོར་བལ་ཡུལ་ཨ་རིའི་གཞུང་ཚབ་པ་མཆོག་དང་ལྷན་བཀའ་མོལ་གནང་རྒྱུར་སྔ་མོ་ཞིག་ནས་དུས་ཚོད་སྒྲིག་པ་ཞིག་ཡིན་སྐོར་གསལ་བཤད་གནང་ཡོད། འོན་ཀྱང་མཇལ་འཕྲད་སྐབས་དམིགས་བསལ་སྐུ་ཚབ་མཆོག་ནས་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ནས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་འཕེན་སྐབས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་གློ་བུར་དུ་བལ་ཡུལ་ཉེན་རྟོག་པས་འོས་སྒམ་བཙན་འཕྲོག་བྱས་པའི་སྐོར་གསལ་བཤད་གནང་ཡོད། སྐབས་དེར་ཨ་རིའི་གཞུང་ཚབ་མཆོག་ནས་གནད་དོན་དེར་སེམས་འཚབ་གནང་ཡོད་པ་མ་ཟད། གནད་དོན་དེར་རྟོ༞ག་ཞིབ་གནང་རྒྱུ་ཡིན་སྐོར་གཞུང་ཚབ་མཆོག་ནས་གསུངས་པ་དམིགས་བསལ་སྐུ་ཚབ་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་དམིགས་བསལ་སྐུ་ཚབ་མཆོག་ནས་གསར་འགོད་པ་ཚོར་གསུང་དོན། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བལ་ཡུལ་ནང་བྱུང་བའི་དོན་རྐྱེན་དེ་སེམས་འཚབ་དང་བློ་འགྱོད་སྐྱེ་གཞི་ཞིག་ཡིན། གནད་དོན་དེ་འདྲ་ཞིག་བོད་མི་ཚོར་བྱུང་བའི་རྒྱུ་མཚན་དུ་བྱས་ནས་སེམས་འཚབ་སྐྱེ་དགོས་པ་ཞིག་ཡིན་པ་ངས་བརྗོད་ཀྱི་མེད། འོན་ཀྱང་བལ་ཡུལ་རང་ཉིད་རང་བཙན་རྒྱལ་ཁབ་ཅིག་ཡིན་བཞིན་དུ་དོན་རྐྱེན་དེ་འདྲ་ཞིག་བྱུང་བ་དེས་རྗེས་འབྲས་ཇི་བྱུང་ཐོག་ཡིན། ད་ཆ་བལ་ཡུལ་དེ་རྒྱ་ནག་གི་རང་སྐྱོང་མངའ་ཁུལ་ལྟ་བུ་ཞིག་ཆགས་ཡོད། བལ་བོད་གཉིས་ལོ་རྒྱུས་ཐོག་ཡུན་རིང་གི་འབྲེལ་བ་ཡོད་པར་བརྟེན་གནད་དོན་དེ་རིགས་སེམས་འཚབ་སྐྱེ་གཞི་ཞིག་རེད། བོད་མི་ཚོའི་འོས་ཤོག་དེས་རྒྱ་ནག་ལ་རྒྱབ་འགལ་བྱས་པ་ཞིག་མིན། ཡིན་ནའང་བལ་ཡུལ་གཞུང་ནས་དེ་འདྲ་བྱས་པ་དེས་རྒྱ་ནག་གཅིག་གི་ཆབ་སྲིད་དེར་བལ་ཡུལ་སྲིད་གཞུང་གིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་བོད་མི་ཚོའི་འོས་ཤོག་འཕེན་རྒྱུར་འགོག་རྐྱེན་བཟོས་པ་ཞིག་རེད། འོན་ཀྱང་གནད་དོན་དེ་རིགས་ཀྱིས་རྒྱལ་སྤྱིའི་ནང་བོད་མི་ཚོའི་མང་གཙོའི་རྣམ་པ་དངོས་གསལ་ཇེ་ཆེར་འགྲོ་ངེས་ཤིག་ཆགས་ཡོད་ཅེས་གསུངས།།