༢༠༡༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་མོ་རིའི་གཙུག་ལག་སློབ་གྲྭའི་དངོས་ཁམས་རིག་པའི་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བྱམས་བརྩེའི་རང་བཞིན་དང་ཉམས་ལེན་ (The Nature and Practice of Compassion) སྐོར་ལ་བཀའ་སློབ་སྩལ། སྐབས་དེར་མི་གྲངས་ ༤༠༠༠ ཙམ་འདུ་འཛོམས་བྱུང་བའི་ཚོགས་ཁང་དུ་༸གོང་ས་མཆོག་ཐོག་མར་ཞབས་སོར་འཁོད་སྐབས་ཚོགས་བཅར་བ་ཚང་མས་དགའ་བསུའི་མཚམས་འདྲིས་ཞུས་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་བཞུགས་གྲལ་དུ་༸ཞབས་སོར་མ་འཁོད་སྔོན་དུ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་དང་སོག་ཡུལ་ནས་ཕེབས་པའི་ཁམས་པ་བླ་མ་རྣམ་གཉིས་ལ་འཚམས་འདྲི་མཛད། དེ་རྗེས་ཨི་མོ་རི་གཙུག་ལག་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ཝེག་ནར་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་གསུམ་འཁོར་བའི་དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་ནས་ཚོགས་འདུ་འདི་གོ་སྒྲིག་ཞུ་ཐུབ་པ་ནི་བཀྲ་ཤིས་པའི་དུས་ཚིགས་ཤིག་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བོད་ཀྱི་ནང་ཆོས་ནས་གསུངས་པའི་བྱམས་བརྩེའི་རང་བཞིན་དང་བྱམས་བརྩེ་རང་གི་རྒྱུད་ལ་སྐྱེ་ཐབས། སྤྱི་ཚོགས་ནང་བྱམས་བརྩེ་གལ་གནད་ཆེ་ཚུལ་དང་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་ལག་ལེན་བྱེད་རྒྱུ་གལ་ཆེ་ཚུལ་སྐོར་ལ་བཀའ་སློབ་སྩལ། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྤྱི་ཚོགས་ཀྱི་བྱུང་རབས་དང་འབྲེལ་ནས་བཀའ་སྩལ་དོན།
གདོད་མའི་སྤྱི་ཚོགས་སྐབས་མི་རྣམས་དཀའ་ངལ་ལས་གྲོལ་སླད་དཀོན་མཆོག་སོགས་ལ་ཡིད་ཆེས་བྱེད་རྒྱུའི་བསམ་བློ་དེ་བསླེབས་པ་རེད། སྐབས་དེར་མི་རྣམས་དཀའ་ངལ་འཕྲད་སྐབས་མི་རྣམས་སྨོན་ལམ་རྒྱག་རྒྱུ་དང་རེ་བ་བྱེད་རྒྱུ་ཙམ་ལས་ཐབས་གཞན་མེད། དེ་རྗེས་རིམ་པས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན་གྲུབ་འབྲས་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་མི་རྣམས་ཚན་རིག་ལ་ཡིད་ཆེས་བྱ་རྒྱུ་འགོ་བརྩམས། དུས་རབས་ ༢༠ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེན་པོ་བྱུང་ཡོད། འོན་ཀྱང་དུས་རབས་ ༢༠ པའི་ནང་འཐབ་འཁྲུག་ཆེ་ཤོས་བྱུང་ཡོད། ཚན་རིག་གི་ལམ་ནས་རྙེད་པའི་གྲུབ་འབྲས་དེ་གཏོར་བཅོམ་ཆེད་བེད་སྤྱོད་བཏང་ཡོད། དེར་བརྟེན་ཕྱི་དངོས་པོའི་ཡར་རྒྱས་དེར་ཚད་གཞི་ངེས་ཅན་ཞིག་ཡོད། དཀའ་ངལ་དེ་ཚན་རིག་གིས་བཟོས་པ་མ་རེད། ཚན་རིག་བེད་སྤྱོད་བྱེད་མཁན་གྱིས་བཟོས་པ་རེད། དེར་བརྟེན་གཞན་གྱི་བདེ་དོན་ལ་འགན་ཡོད་པའི་བསམ་བློ་ཞིག་བསྐྲུན་ཐུབ་པ་དགོས། གདོད་མའི་དུས་སྐབས་སུ་མི་རྣམས་ལ་དགོས་མཁོ་དེ་ཙམ་མེད་པར་མི་ཚེ་སྟབས་བདེ་པོ་ཡིན། སྐབས་དེར་མི་ཚོར་འདོད་ཞེན་ཡང་དེ་ཙམ་མེད།
མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་ཆོས་ལ་སྐྱབས་བཅོལ་གྱི་ཡོད། དེང་སང་མི་འབོར་མང་དུ་ཕྱིན་པ་དང། སྤྱི་ཚོགས་ནང་འགྲན་རྩོད་ཆེན་པོ་ཡོད། དེར་བརྟེན་དཀའ་ངལ་དེ་དག་མིའི་རྣམ་དཔྱོད་གཅིག་པུས་སེལ་མི་ཐུབ། དེང་སང་མིའི་འདོད་པར་བརྟེན་ནས་བྱུང་བའི་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་བྱམས་བརྩེ་ཡིན། བྱམས་བརྩེའི་ས་བོན་དེ་མི་ཚང་མར་ཡོད། བྱམས་བརྩེ་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བའི་ཆ་གཉིས་ཡོད།
སྦྱོང་བརྡར་གྱི་ལམ་ནས་ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེ་དེ་རྒྱ་སྐྱེད་གཏོང་ཐུབ་ཅེས་སོགས་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་ཨི་མོ་རི་གཙུག་ལག་སློབ་གྲྭའི་ཡེ་ཤུའི་མཆོད་དཔོན་གྱི་ལོ་འཁོར་ཚོགས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་མཐོར་མཛད་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་ཁུར་གཉིས་པོ་ངོ་སྤྲོད་མཛད་པ་དང་སྦྲགས་ཆོས་ལུགས་དབུ་ཁྲིད་ཚོས་འབད་བརྩོན་མང་ཙམ་གནང་དགོས་པའི་སྐུལ་མ་མཛད། ཉིན་རྒྱབ་༸གོང་ས་མཆོག་གིས་ཝུཌ་རོབ་ཚོགས་ཁང་དུ་བདེ་སྐྱིད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། དེ་ཡང་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་མཚམས་གཙོ་འཛིན་སྐུ་ཞབས་ཝེག་ནར་མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བདེ་སྐྱིད་སྐོར་ལ་བཀའ་སློབ་སྩལ་དོན། བདེ་སྐྱིད་ལ་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་ཞེས་རིམ་པ་གཉིས་ཡོད། མིའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པའི་ཐོག་བདེ་སྐྱིད་ངོས་འཛིན་ཚུལ་ལའང་འགྱུར་བ་ཕྱིན་ཡོད་ཅེས་སོགས་བཀའ་སྩལ། དེ་རྗེས་རིམ་པའི་ཚོགས་འདུའི་གཙོ་སྐྱོང་བ་སོ་སོས་བསམ་ཚུལ་གསུངས་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་རང་བཞིན་དང་ཉམས་ལེན་སྐོར་ལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།