༢༠༡༠ ཟླ་ ༩ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་རྩིས་པའི་ས་དམིགས་ཤིག་ཡོད་པ་ལྟར། རང་གཞུང་བཀའ་ཤག་ནས་ཡིག་རྒྱུགས་ཀྱི་ལམ་ནས་ལས་བྱེད་འདེམས་སྒྲུགས་གནང་བར་ཕྱི་འབྲེལ་ལས་ཁུངས་ཀྱི་རྩིས་པ་སྡེ་འགན་བདེ་ཆེན་ཆོས་སྐྱིད་ལགས་བདམས་ཐོན་བྱུང་སྟེ་བསྐོ་བཞག་གནང་དོན་ལྟར། ༢༠༡༠ ཕྱི་ཟླ་ ༨ ཚེས་ ༢༧ ཉིན་ཨ་རིར་འབྱོར་ཏེ་ལས་བཅར་ཞུས་ཤིང་། དེ་རྗེས་དབང་ལྡན་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ནས་ལས་དོན་བྱེད་ཕྱོགས་སྤྱི་ཡོངས་ཀྱི་ལམ་སྟོན་དང་། རྩིས་ཚབ་སྡེ་འགན་ལྷག་པ་ཚེ་རིང་ལགས་ཀྱིས་རྒྱུས་བབ་ངོ་སྤྲོད་དགོས་རིགས་ངོ་སྤྲོད་གནང་སྟེ། ཕྱི་ཟླ་ ༩ ཚེས་ ༧ ཉིན་ཁོང་གཉིས་དབར་རྩིས་སྤྲོད་རྩིས་ལེན་མཇུག་སྒྲིལ་ཡོད། ཕྱི་ཟླ་ ༩ ཚེས་ ༧ ནས་བཟུང་སྡེ་འགན་ལྷག་པ་ཚེ་རིང་ལགས་ནས་གཙོ་བོ་དང་བླང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་འབྲེལ་བ་བྱེད་རྒྱུ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣར་འབྲེལ་བ་བྱེད་རྒྱུའི་ལས་འགན་འཁུར་བཞིན་ཡོད་པ་དང་། སྡེ་འགན་བདེ་ཆེན་ཆོས་སྐྱིད་ལགས་ནས་ཨ་རི་སྐུ་ཚབ་དོན་ཁང་གི་རྩིས་དང་འབྲེལ་བའི་ལས་འགན་ཐོག་རྩིས་འབྲེལ་འཛིན་སྐྱོང་གྱི་འགན་འཁུར་བཞིན་ཡོད་པ་དང་། འདི་གའི་ལས་བྱེད་ཡོངས་ནས་ཁོང་ལས་གནས་གསར་པར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཡོད་པ་རེད།།