༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༧ ནས་འགོ་འཛུགས་ཀྱིས་ཚེས་ ༡༧ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྟབས་ལེགས་པ་ཞིག་ལ་མཇུག་བསྡོམས་འདིའི་ནང་གང་བང་བསྒྲིགས་པ་དེ་དག་ཆ་ཚང་བ་ཞིག་སྒྲུབ་ཐུབ་པ་བྱུང་སོང་ཞེས་ཞུ་རྒྱུ་ཡིན། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ནང་ཁ་ཤས་ཀྱིས་དྲི་བ་གཅིག་ཀྱང་སླེབས་མ་སོང་བསམ་པའི་དགོངས་པ་འཁོར་མ་སྲིད་པ་མ་རེད། སྐར་རྟགས་ཅན་གྱི་དྲི་བ་ཁག་གཅིག་སླེབས་སོང་། དྲི་བ་གནང་མཁན་སྤྱི་འཐུས་ཀྱིས་སྐར་རྟགས་དེ་མེད་པ་བཟོོ་རོགས་ཞེས་ང་ལ་གསུངས་བྱུང། ངས་དྲན་ཚུལ་ལྟར་ན་གྲོས་ཚོགས་ཀྱི་ལས་རིམ་ནང་ད་བར་དུ་སྐར་རྟགས་ཅན་གྱི་དྲི་བ་གཅིག་ཀྱང་མེད་པ་དེ་ཐེངས་འདིའི་གྲོས་ཚོགས་ཐོག་བྱུང་བ་རེད། སྐར་རྟགས་ཅན་གྱི་དྲི་བ་གཅིག་ཀྱང་བསླེབས་མ་སོང་ཞེས་གྲོས་ཚོགས་ཀྱི་འཐུས་མིས་ཐུགས་འཁུར་མ་བཞེས་པར་ངས་ངོས་འཛིན་ཞུ་གི་མེད། ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་ནང་ཞུས་པ་ལྟར་ཐེངས་འདིའི་གྲོས་ཚོགས་འདི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་པའི་རྗེས་ལ་ཚོགས་པ་དང། ཐེངས་འདིའི་གྲོས་ཚོགས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཕྱི་ལོ་ ༢༠༠༩།༢༠༡༠ ལོའི་ལོ་འཁོར་ལས་བསྡོམས་ཆ་ཚང་གི་ཐོག་བགྲོ་གླེང་དང་དོགས་དྲི། དེ་མིན་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་རེད། དེ་བཞིན་གཙོ་ཆེ་ཤོས་ལས་བསྡོམས་ཐོག་བགྲོ་གླེང་བྱེད་སྐབས་སྤྱི་འཐུས་སུའི་ཕྱག་རྐྱང་ཡང་ཚང་མར་དེའི་ཐོག་གོ་སྐབས་ཕུལ་བ་ཡིན། སྤྱི་འཐུས་རྣམ་པ་ཚོས་ཐུགས་ཁུར་བཞེས་ཏེ་དྲི་བ་བསྐྱར་ལྡབ་ཡང་ལྡབ་ཡིན་མིན་ཟེར་རྒྱུ་དེ་གནས་ཚུལ་ཁག་ཁག་ཅིག་རེད་མ་གཏོགས་གང་ལྟར་ལས་བསྡོམས་དང་འབྲེལ་བའི་དྲི་བ་མང་དག་ཅིག་འཛིན་སྐྱོང་བཀའ་ཤག་ལ་ཕུལ་བ་དང་སོ་སོའི་རྣམ་དཔྱོད་ལ་དཔགས་པའི་ལེགས་བཅོས་བྱེད་རྒྱུའི་བསམ་ཚུལ་གྲོས་ཚོགས་ནང་གང་འཚམས་ཤིག་སྤུངས་ཐུབ་པའི་གནས་སྟངས་ཆགས་ཡོད། འཛིན་སྐྱོང་བཀའ་ཤག་གི་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་མི་རེ་ངོ་རེའི་ངོས་ནས་སྤྱི་འཐུས་རྣམ་པ་ཚོའི་དྲི་བར་ལན་འདེབས་ཧ་ཅང་གསལ་པོ་གནང་སོང། གྲོས་ཚོགས་འདི་བརྒྱུད་ནས་མང་ཚོགས་ནང་དོགས་པ་ཡོད་པའི་གནས་ཚུལ་མང་པོ་ཞིག་གསལ་པོ་ཆགས་ཡོད་པ་ཚོགས་གཙོས་ངོས་འཛིན་ཞུ་གི་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་ལས་རིམ་གྱི་གཙོ་བོ་དུས་ཚོད་མང་ཤོས་བཏང་ས་ལས་བསྡོམས་ཀྱི་ཐོག་བཏང་བ་བཞིན་དོན་དག་བསྒྲུབས་སོང་བསམ་པ་ཞིག་བྱུང། ན་ནིང་ལོར་སྤྱི་འཐུས་རྒྱུན་ལས་ཀྱིས་ཆེས་མཐོའི་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་པ་རེད། གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་ཛ་དྲག་གི་འཁྱེར་དགོས་རྒྱུ་བཅའ་ཁྲིམས་བསྐྱར་བཅོས་དང་འོས་བསྡུའི་ལས་རིམ་དང་འབྲེལ་ཡོད་ཐོག་འོས་བསྡུའི་སྒྲིག་གཞི་དེ་དག་བསྒྱུར་བཅོས་གཏོང་དགོས་ཁག་གཅིག་འཁྱེར་བ་རེད། དེའི་འཕྲོས་ཐེངས་འདིའི་གྲོས་ཚོགས་ཐོག་འཁྱེར་ཏེ་ཆ་ཚང་ཞིག་བསྒྲུབས་པ་རེད། འོན་ཀྱང་དེའི་ནང་འདོད་པ་ཁེངས་མ་ཁེངས་མང་པོ་ཞིག་བྱུང་ཡོད། ཚོགས་གཙོའི་ངོས་ནས་ཀྱང་འདོད་པ་མ་ཁེངས་པའི་གནས་ཚུལ་བྱུང། རྒྱ་བལ་འབྲུག་གསུམ་དང་། ཡུ་རོབ། ཨ་རི་དང་ཁེ་ཎ་ཌ་ཕུད་པའི་ས་ཁུལ་གཞན་ལ་སྤྱི་འཐུས་གཅིག་བསྐོ་གཞག་བྱེད་རྒྱུའི་ཆེད་གྲོས་ཚོགས་འདིའི་ནང་བཅའ་ཁྲིམས་བསྐྱར་བཅོས་བསྐྱར་དུ་འཁྱེར་ཡོང་བ་རེད། ཟླ་བ་ ༦ དགོངས་པ་བཞེས་རྒྱུའི་གོ་སྐབས་བྱུང་ཡོད་ནའང་དེའི་སྐབས་ཀྱི་ཚོགས་གཙོ་ཚོགས་གཞོན་རྩིས་པའི་གྲོས་ཚོགས་ནང་སྤྱི་འཐུས་ ༣༣ མ་གཏོགས་མེད་པ་དང། དེའི་ནང་ནས་སྤྱི་འཐུས་གཅིག་གིས་དགག་བྱ་བྱུང་བ་རེད། དགག་བྱ་གནང་དགོས་དོན་རྒྱུ་མཚན་དེ་ཡང་དངོས་གནས་བྱས་ན་བརྗོད་པ་དང་པོའི་ཐོག་སེལ་མ་ཐུབ་པ་རྩ་བ་ཉིད་ནས་མེད་པ་ཞིག་རེད། བརྗོད་པ་དང་པོ་དང་དགག་བྱ་བྱེད་སྐབས་མ་གསུངས་པར་དེའི་ཕྱི་ཉིན་སྐབས་འགྲེལ་བཤད་གནང་བ་རེད། སྤྱི་འཐུས་ ༢༤ མ་གཏོགས་རྒྱབ་སྐྱོར་ཐོབ་མེད། སྤྱི་འཐུས་ ༢༤ དེའི་སྐབས་གྲོས་ཚོགས་ཀྱི་ནང་ཡོད་པའི་སྤྱི་འཐུས་ ༣༣ དང་བསྡུར་བ་ཡིན་ན་དེ་མང་མོས་ཤུགས་ཆེན་པོ་ཞིག་གི་ཐོག་ནས་རྒྱ་བལ་འབྲུག་གསུམ་དང་བྱང་ཨ་རི། ཁེ་ཎ་ཌ་ཕུད་པའི་ས་གནས་དེ་དག་ལ་སྤྱི་འཐུས་གཅིག་གི་ས་མིག་གཏོད་རྒྱུའི་འདོད་པ་ཤུགས་ཆེན་པོ་ཡོད་པ་དེ་གྲོས་ཚོགས་ཀྱི་ཚོར་སྣང་ཤུགས་ཆེན་པོ་ཞིག་བཏོན་སོང་བསམ་གྱི་འདུག དེ་བཞིན་ད་ལྟའི་གནས་སྟངས་ལ་འོས་བསྡུའི་སྒྲིག་གཞི་ལ་འགྲེལ་བཤད་རྒྱག་སྟངས་དང་། ལག་ལེན་གང་འདྲ་བྱས་ནས་བསྟར་གྱི་རེད་དམ་མ་རེད་བརྗོད་རྒྱུ་དེ་གྲོས་ཚོགས་ཀྱི་ལས་རིམ་འདིའི་ཐོག་ནས་ཐེ་ཚོམ་སྟེང་ལྷུང་ཡོད། ཚོགས་གཙོས་སྟངས་འཛིན་བྱེད་སྐབས་གྲོས་ཚོགས་ཀྱི་བསམ་ཚུལ་དང་ཚོར་བ་གང་ཡིན་པ་དེ་གྲོས་ཚོགས་ནང་གསལ་པོ་བཟོ་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཚོགས་གཙོས་ལམ་སྟོན་དང་ཐག་གཅོད་བྱས་པ་ལ་ད་རེས་གྲོས་ཚོགས་འདིའི་ནང་ཚོགས་གཙོས་དབང་ཚད་ལས་བརྒལ་བའི་ལས་ཀ་བྱེད་ཀྱི་འདུག་ཅེས་པའི་བསམ་ཚུལ་ཚིག་རྒྱན་དང་བཅས་པ་མང་པོ་གསུངས་སོང། འོན་ཀྱང་ཚོགས་གཙོས་དེ་ལ་ལན་རྒྱག་དགོས་པའི་དགོས་པ་གང་ཡང་མཐོང་གི་མི་འདུག ད་ལྟ་ང་ཚོས་ཁྲིམས་གཞིའི་ལས་དོན་ཕྱིན་པའི་ནང་ལ་གྲོས་ཚོགས་འདི་ག་རང་ནས་གསལ་པོ་བཟོ་ཐུབ་མི་ཐུབ་པའི་གནས་སྟངས་ཤིག་མུ་མཐུད་ནས་ལྷག་ཡོད། གལ་སྲིད་དེ་ལྟ་བུའི་གནས་སྟངས་འོག་ནས་འོས་བསྡུའི་ལས་རིམ་ལ་དོ་ཕོག་འགྲོ་གི་ཡོད་ན། གྲོས་ཚོགས་འདི་ནས་འགན་འཁྱེར་དགོས་པ་ཞིག་རེད་མ་གཏོགས་སུ་གཅིག་ལ་འགན་སྤུང་ས་ལྷག་མེད་ཅེས་གསལ་པོ་ཞུ་འདོད་བྱུང་། དེ་མ་ཡིན་པའི་གལ་གནད་ཆེ་ཆུང་མ་ལྟོས་པའི་ཁྲིམས་བཟོའི་ལས་དོན་མང་པོ་ཞིག་ད་རེས་གྲོས་ཚོགས་འདིའི་ནང་བསྒྲུབས་ཡོད། གྲོས་ཚོགས་ནང་ལ་བཀའ་མོལ་གསུང་རྒྱུ་དེ་ལས་སླ་པོ་ཡིན། འོན་ཀྱང་གྲོས་ཚོགས་ནང་ལ་བསམ་ཚུལ་དང་གོ་བསྡུར་རྣམ་དཔྱོད་རྩལ་དུ་བཏོན་ནས་བསམ་བློ་སྤུང་རྒྱུ་དེ་ཙམ་མ་ཡིན་པའི་གྲོས་ཚོགས་ཕྱི་ལ་ཕེབས་སྐབས་སྤྱི་པའི་འཐུས་མི་ཞིག་གི་མིང་འཁྱེར་བའི་ཐོག་ནས་ལས་འགན་བསྒྲུབ་དགོས་རྒྱུ་མང་དག་གཅིག་ཡོད། དེའི་གྲས་ཏེ་སོ་སོས་བསྒྲུབ་ཀྱི་ཡོད་མེད་སོ་སོར་དཔྱད་པ་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག་སྙམ། མཚམས་རེ་གྲོས་ཚོགས་ནང་བཀའ་མོལ་གསུང་སྐབས་གང་ཟག་བྱེ་བྲག་པ་དེར་ཕོག་རྒྱུའི་གནས་སྟངས་མང་པོ་ཞིག་ཡོང་གི་འདུག་པས་དེའི་གྲས་ལ་མ་འོངས་པར་དགོངས་པ་བཞེས་དགོས་པའི་གནས་སྟངས་ཆེན་པོ་ཞིག་ཡིན་པ་དྲན་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད།