༢༠༡༠ ཟླ་ ༩ ཚེས་ ༢༢ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༩ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཉིན་གཉིས་རིང་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་ཡོད། དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་ས་གནས་དེར་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་འཚམས་གཟིགས་དང་གསུང་བཤད་གནང་དོན། ས་གནས་འདིར་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་ཡོད་པར་བརྟེན་ས་གནས་འགོ་འཛིན་དེ་ས་གནས་རང་ནས་འོས་འདེམས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་དང་།
དེ་བཞིན་བཀའ་ཁྲི་མཆོག་གིས་གཞིས་ཆགས་ཀྱི་འབྱུང་ཁུངས་དང་རྒྱབ་ལྗོངས་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་བསྟན་པ་དང། སྤྱི་དང་བྱེ་བྲག་འགྲོ་དོན་གྱི་ཆེད་མཛད་བྲེལ་ཆེ་སྟབས་ས་གནས་འདིར་༸ཞབས་སོར་འཁོད་མ་ཐུབ་པར་ལོ་ངོ་ ༢༢ ཙམ་ཕྱིན་ཡོད་པར་བརྟེན་ཁྱེད་རྣམས་ནས་མགོན་པོ་གང་ཉིད་མཆོག་ས་གནས་འདིར་གང་མྱུར་ཆིབས་སྒྱུར་སྐྱོང་ཆེད་སྨོན་ལམ་རྒྱག་དགོས་ཞེས་སོགས་གསུངས་ཡོད། ཉིན་རྒྱབ་བཀའ་ཁྲི་མཆོག་གིས་ཌལ་ཧོར་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད།
ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༠ ནང་འཛུགས་སྐྲུན་བྱས་པའི་བོད་མིའི་གཞིས་སྒར་རྙིང་ཤོས་ཤིག་ཡིན་པ་དང། གཞིས་སྒར་དེར་ད་ཆ་བོད་མི་མི་འབོར་ ༡༤༣༨ ཙམ་ཡོད། དེ་ཡང་ཐོག་མ་བོད་ནས་གསར་དུ་འབྱོར་བའི་བོད་མི་ ༢༥༠༠ ལྷག་གི་འཚོ་བའི་ཆེད་ལག་ཤེས་བཟོ་གྲྭ་ཞིག་ཡོད་པ་དང་ཕྱི་ལོ་ ༡༩༧༣ ལོར་ལག་ཤེས་བཟོ་གྲྭ་དེ་ཐེབས་རྩ་ཁང་གི་མིང་ཐོག་ཏུ་དེབ་སྐྱེལ་ཞུས་རྗེས་འོས་འདེམས་བྱས་པའི་ཚོགས་མི་རྣམས་ནས་བཟོ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༡༩༦༣ ཟླ་ ༥ ནང་རྒྱ་གར་གཞུང་གི་མིའི་ནུས་ཤུགས་འཕེལ་རྒྱས་བློན་ཆེན་ལས་ཁུངས་ཀྱིས་སྟངས་འཛིན་འོག་འཛུགས་སྐྲུན་བྱས་པའི་གཏན་སློབ་ནང་ད་ཆ་འཛིན་རིམ་བཅུ་གཉིས་ ༼འབྱུང་རིགས་༽ བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༤༠༠ ལྷག་དང་། སློབ་གྲྭའི་དགེ་ལས་ཁྱོན་བསྡོམས་གྲངས་ ༤༤ ཙམ་ཡོད་འདུག ས་གནས་འདིར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་སྨན་ཁང་གཉིས་ཀྱང་ཡོད༌པ་བཅས།།