༢༠༡༠ ཟླ་ ༩ ཚེས་ ༤ རེས་གཟའ་སྤེན་པ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ (Chancery Pavillion) ཞེས་པའི་མགྲོན་ཁང་གི་ཚོགས་ཁང་ཞིག་ཏུ་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་ཐོག་ཁུལ་དེར་བོད་རིགས་མཐོ་སློབ་བསྐྱོད་བཞིན་པའི་སློབ་ཕྲུག་གཙོས་ཚོང་ལས་དང་ལས་རིགས་ལ་ཡོད་པའི་མི་གྲངས་ ༢༠༠༠ བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ནང་དོན་སྙིང་པོ། ཁྱེད་རང་ཚོ་ཚང་མར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་ཡོད་ཅིང་བཙན་བྱོལ་བ་ཆགས་སྟངས་དེའང་འབྱུང་བའི་གནོད་འཚེ་དང་བོད་མི་ནང་འཁྲུག་བརྒྱབ་སྟེ་ང་ཚོ་བཙན་བྱོལ་བ་ཆགས་པ་ལྟ་བུ་མིན། ཕྱི་ལོ་ ༡༩༤༩ ནས་ལོ་རྒྱུས་ཀྱི་འཕེལ་རིམ་དང་འབྲེལ་བའི་བོད་ནང་ད་ལྟའི་ཆགས་འཇིག་གནས་སྟངས་སླེབས་ཡོད་ནའང་བོད་ནང་བོད་མིའི་སེམས་ཤུགས་དང་། ཨ་རིའི་སྲིད་འཛིན་གཙོས་ཡུ་རོབ་སོགས་ཀྱི་རྒྱབ་སྐྱོར་དང་། ལྷག་པར་རྒྱ་རིགས་བཤེས་ཡོན་ཅན་ཚོས་རྩོམ་ཡིག་སྤེལ་བ་སོགས་བོད་པའི་གནད་དོན་དེ་བདེན་པ་ཡིན་པ་དེར་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་དང་། ཨ་རིའི་མཐོ་སློབ་ཁག་ཏུའང་བོད་མིའི་ནང་ཆོས་ཀྱི་ལྟ་གྲུབ་ལ་ཧ་ཅང་གི་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ཡོད་པས་དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་ཀྱང་གྲྭ་པ་དང་བཙུན་མ་བྱེད་མི་དགོས་པར་དབྱིན་ཡིག་དཔེ་དེབ་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་དང་ནང་ཆོས་ཀྱི་ཚན་རིག་སྐོར་སོགས་ཡོད་པས་བལྟས་ན་ཕན་ཐོགས་ཡོད། དེ་བཞིན་གཞིས་ལུས་རྒྱ་ཆེ་མི་མང་གིས་ང་ཚོར་རེ་བ་བཅོལ་ཡོད་པས་དེ་དག་ངས་བསྒྲུབ་བསམ་པ་བྱེད་དགོས། ཞེས་སོགས་ཀྱི་བླང་དོར་བཀའ་སློབ་ཆུད་ཚོད་ཕྱེད་ཀ་ལྷག་ཙམ་ཙལ་གྲུབ་རྗེས་སྦེང་ལོར་གྲོང་ཁྱེར་ནས་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས་ཀྱི་གནད་བསྡུས་སུ།