༢༠༡༠ ཟླ་ ༨ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གར་ཞྭ་ནས་མ་ན་ལི་སར་ཀེ་ཊི་ཧོའོ་སི་ཞེས་པའི་མགྲོན་ཁང་དུ་༸ཞབས་སོར་འཁོད། ཉིན་འདིའི་ཕྱི་དྲོ་ཆུ་ཚོད་ ༡༢།༣༠ ཐོག་མ་ན་ལི་ཁུལ་གྱི་རང་རིགས་དང་ཡུལ་མི་དད་ལྡན་མང་ཚོགས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་གདན་ཞུ་ཚོགས་ཆུང་དང་དགེ་འདུན་པ་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་རྙིང་མ་དགོན་པར་གདན་འདྲེན་ཞུས།
༸གོང་ས་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་གྲ་སྒྲིག་ཚོགས་ཆུང་ནས་ཐོག་མར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་གསུང་ཆོས་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་འདིར་གར་ཞྭ་ཁུལ་དུ་བསྐྱོད་པའི་ལམ་གཞོར་དུ་འདི་ག་མ་ན་ལིའི་མི་མང་རྣམས་ཐུག་སྟེ་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་དགའ་པོ་བྱུང་། ཁྱེད་རང་ཚོས་དོན་གཉེར་ཆེན་པོ་བྱས་ཏེ་འདིར་ཆོས་འབྲེལ་གསན་པར་ཕེབས་པར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།
ཞེས་བཀའ་སྩལ་ཏེ་མི་མང་རྣམས་དང་ལྷན་རྒྱུན་ཕྱག་གསུམ་པ་གསུང་འདོན་མཛད་དེ་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ་དང་སྦྲགས་བཀའ་སྩལ་དོན། ཆོས་ཉན་བཤད་གང་འདྲ་ཞིག་བྱས་ཀྱང་ཀུུན་སློང་རྣམ་དག་ཅིག་དགོས། ཆོས་འཆད་པ་པོའི་ངོས་ནས་ཀྱང་ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཆོས་འཆད་དགོས་པ་དང་། དེ་བཞིན་ཉན་པོ་པོའི་ངོས་ནས་ཀྱང་ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཉན་དགོས།
དེ་ལྟར་ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཉན་བཤད་བྱས་པ་ཡིན་ན་གཞུང་ནས་གསུངས་པ་བཞིན་ཕན་ཡོན་ཐོབ། ཀུན་སློང་རྣམ་པར་དག་པ་མ་བྱུང་ཚེ་ཕྱི་རྟག་ཏུ་ཆོས་འཆད་ཀྱི་ཡོད་པ་རེད། འོན་ཀྱང་དོན་ངོ་མ་སྡིག་པ་གསོག་པའི་རྒྱུར་འགྲོ་རྒྱུའི་ཉེན་ཁ་ཡོད། ཅེས་བཀའ་སློབ་ཕེབས་ཡོད། དེ་རྗེས་༸གོང་ས་མཆོག་གིས་མི་མང་རྣམས་ལ་བཀའ་སློབ་སྩལ་དོན། ང་ཚོས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས། དེ་ཡང་དེང་སྐབས་ཀྱི་གནས་ཚུལ་ཆ་ཚང་ཤེས་མཁན་ཞིག་དང་། ཚན་རིག་གི་གནས་ཚུལ་སྙིང་པོ་ཤེས་མཁན། ནང་ཆོས་ཀྱི་ལྟ་གྲུབ་ཤེས་མཁན་དེ་འདྲ་ཞིག་བྱུང་ན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡིན། ཁྱེད་རང་ཚོ་ཆོས་དད་ཡོད་པ་ཚོ་དང་ལྷག་པར་དུ་གཞོན་སྐྱེས་ཚོས་ཡིན་གཅིག་མིན་གཅིག་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན། རབ་བྱུང་ཕོ་མོ་ཚོར་ཆ་བཞག་ན་སློབ་སྦྱོང་བྱེད་རྒྱུ་དེ་བས་གལ་ཆེན་པོ་ཡིན། ལུས་ལ་སངས་རྒྱས་ཀྱི་ན་བཟའ་གྱོན་ཡོད་པ་དང་ཆབས་ཅིག་སེམས་ནང་ཕྲན་བུ་ནང་ཆོས་ཤེས་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་མ་ཟད་དོལ་རྒྱལ་བསྟེན་ཕྱོགས་ཐད་བཀའ་སློབ་ཕེབས་དོན། ཤུགས་ལྡན་བསྟེན་ཕྱོགས་དེ་གང་འདྲ་རེད་དམ་ཟེར་ན། དོལ་རྒྱལ་རྒྱུས་མངའ་ཆེ་ཤོས་ཡོད་མཁན་དེ་༸གོང་ས་ལྔ་པ་ཆེན་པོ་རེད། དེའི་དུས་སུ་བྱུང་བ་རེད། ༸རྒྱལ་མཆོག་ལྔ་པས་རྒྱལ་པོ་ཤུགས་ལྡན་གང་འདྲ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་དམ་ཟེར་ན། ༸རྒྱལ་མཆོག་ལྔ་པའི་གསུང་འབུམ་ཕྱི་མ་པོད་༴༴༼ད༽་པའི་ནང་དུ་ལྟོས་དང་། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱས་ན།
ཞེས་ཚིག་བཅད་རྐང་པ་གཉིས་འདིས་གང་སྟོན་གྱི་ཡོད་དམ་ཟེར་ན། རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པའི་དབང་གིས། ངོ་བོའི་དབང་གི་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་གསུངས་འདུག འདི་འདྲ་ཞིག་གིས་དགེ་ལྡན་པའི་བསྟན་པ་སྲུང་གི་ཡོད་ཅེས་བརྗོད་ན་མགོ་ལོག་རེད། ༸གོང་ས་ལྔ་པ་ཆེན་པོ་མཆོག་ལས་རྟོག་པ་མཐོ་བ་ཞིག་གིས་འདི་མ་རེད་གསུངས་པ་ཡིན་ན་གསུང་ཐུབ་ཀྱི་རེད་མ་གཏོགས་དེ་ལྟར་མེད་མཁན་སུ་ཞིག་ནས་ཀྱང་༸གོང་ས་ལྔ་པའི་གསུང་འདི་མ་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། དེ་སྔ་ཡང་བྱུང་མི་འདུག གཟབ་གཟབ་བྱེད་དགོས།
སང་ཉིན་ཆུ་ཚོད་དགུ་པའི་ཐོག་སྔོན་ལ་སྔོན་འགྲོའི་གསུང་ཆོས་ལག་ལེན་སོ་བདུན་མའི་འཕྲོས་འདི་བྱས་རྗེས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་ཡིན། ཞེས་བཀའ་སྩལ་ཏེ་ཉིན་དེའི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་པ་བཅས།།