༢༠༡༠ ཟླ་ ༨ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་ལ་དྭགས་ནུབ་རའི་ས་ཁུལ་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་ ༥༠༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་བུ་གླིང་འདིའི་ནང་མི་འབོར་དུང་ཕྱུར་ ༦༠ ལྷག་ཙམ་ཡོད་པ་ཚང་མ་སེམས་ཚོར་དང་། བསམ་བློ་གཏོང་རྒྱུ་ཡོད་པའི་ཆ་ནས་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མར་མི་བཟང་ངན་ཇི་འདྲ་ཞིག་ཆགས་རྒྱུའི་ནུས་པ་ཡོད་པ་གཅིག་མཚུངས་ཡིན། མི་ཡག་པོ་ཞིག་ཆགས་པར་དངུལ་དང་དབང་ཆར་རག་ལུས་མེད། མེ་མདས་གཏོར་བཤིག་གཏོང་རྒྱུ་དང། དངུལ་གྱི་མཚམས་རེ་ཧ་ཅང་མ་སྐྱིད་པ་བཟོ་གི་ཡོད། དཔེར་ན་ལྐོག་ཟ་རུལ་སྲུངས་དང་བཤུ་གཞོག་གཏོང་རྒྱུ་སོགས་ཡོང་བཞིན་ཡོད། མི་ཡག་པོ་ཞིག་ཡོང་རྒྱུར་གཞི་རྩའི་ཆ་རྐྱེན་དེ་བྱམས་བརྩེའི་བསམ་པ་ལྡན་པ་ཞིག་དགོས། སེམས་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་དགོས་བརྗོད་སྐབས་དེ་ཆོས་ཀྱི་གནད་དོན་ཞིག་དང་ཆོས་ཀྱི་སྐད་ཆ་ཞིག་རེད་བསམས་པ་དྲན་རྒྱུ་མེད། དུད་འགྲོ་ཡིན་ནའང་བྱམས་བརྩེའི་རྣམ་པ་བསྟན་ན་དགའ་པོ་ཞེ་དྲག་བྱེད་ཀྱི་ཡོད། ཚན་རིག་པས་བརྟག་དཔྱད་བྱེད་སྐབས་རྨས་སྐྱོན་ཕོག་པའི་ཕག་ཙིག་ (guinea pig) གི་རྨ་ཁ་དེ་ཕག་ཙིག་གཞན་གྱིས་ལྕེ་ལྡག་རྒྱག་སྐབས་རྨས་སྐྱོན་ཕོག་པའི་ཕག་ཙིག་གཞན་ལས་དྲག་སྐྱེད་མགྱོགས་པ་ཡོང་གི་ཡོད་པ་དངོས་ར་འཕྲོད་ཡོད། དེར་བརྟེན་དབུལ་ཕོངས་དང་འབྱོར་ལྡན། ཤེས་ཡོན་ཡོད་མེད་སུ་འདྲ་ཞིག་ཡིན་རུང་མི་ཚང་མ་ཕན་ཚུན་བྱམས་བརྩེ་ལྡན་པ་ཞིག་ཡིན་ན། ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་ཡོང་གི་ཡོད། ཡིད་ཆེས་ཡོད་ན་བདེ་སྐྱིད་ཀྱི་སྙིང་པོ་དོན་དམ་མཛའ་བརྩེའི་བསམ་པ་ཡོང་གི་ཡོད། གཞི་རྩ་ང་ཚོ་མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན། དེར་བརྟེན་ནང་གཤིས་རྒྱུད་བཟང་པོའི་ཡོན་ཏན་དེ་དག་ང་ཚོའི་རིགས་རྒྱུན་ས་བོན་ (genes) ནང་ལྷན་སྐྱེས་སུ་ཡོད་པ་རེད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཆེད་ང་ཚོའི་ལུས་ཁམས་གྲུབ་ཙམ་ནས་བཟང་པོའི་ཡོན་ཏན་དེ་དག་ལྡན་ཡོད་ཅེས་བཀའ་སྩལ།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རང་གི་ཕ་མེས་ཀྱི་ཆོས་ལ་དོ་སྣང་དང་གཅེས་འཛིན་བྱེད་དགོས་སྐོར་བཀའ་སྩལ་ཡོད་པ་མ་ཟད། བོད་མི་ས་ཡ་དྲུག་ཡོད་པ་རྣམས་གཞི་རྩ་ནང་པ་སངས་རྒྱས་པ་ཡིན་ནའང་བོད་མི་ལ་ལ་ཁ་ཆེ་དང་ཡེ་ཤུ་ཡིན་པ་དང། ཕྱོགས་མཚུངས་ནུབ་ཕྱོགས་སུའང་མི་གྲངས་ས་ཡ་མང་པོ་ཡོད་པའི་ནང་ནས་མི་ལ་ལས་ནང་ཆོས་དེ་རང་ལ་འོས་འཚམས་ལྡན་པ་ཞིག་མཐོང་གི་ཡོད། ཆོས་ལུགས་གང་གི་རྗེས་སུ་འཇུག་མིན་དེ་རང་དབང་ཆ་ཚང་ཡོད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ལས་འགན་གཙོ་བོ་གཉིས་ཡོད་པ་དེ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་བྱེད་རྒྱུ་དེ་རེད། ངོས་རང་བོད་མི་ཞིག་ཡིན་པ་དང་ལྷག་པར་ཏཱ་ལའི་བླ་མའི་མིང་ཞིག་ཡོད་དུས་གཞིས་བྱེས་བོད་མི་ས་ཡ་དྲུག་གིས་ངོས་ལ་རེ་བ་བཅོལ་བཞིན་ཡོད། དེར་བརྟེན་བོད་ཀྱི་གནད་དོན་སེལ་རྒྱུར་ངོས་ལ་འགན་ཡོད། ང་ཚོའི་སེམས་འཚབ་ཆེ་ཤོས་དེ་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་ཕྱུག་པོ་དེ་བདག་གཅེས་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱས་ཚེ་རྒྱ་མི་རིགས་ས་ཡ་མང་པོར་ཕན་ཐོགས་ཀྱང་ཡོང་ངེས་རེད། ཁྱེད་རང་ཚོ་སོ་སོའི་ལུང་པར་ལོག་ནས་ནང་པའི་རིག་གཞུང་དང་ལེགས་བྱང་ངོ་སྤྲོད་བྱེད་རོགས། སྲོལ་རྒྱུན་ཐོག་ནས་བཤད་ན་རྒྱ་ནག་ནང་པ་རེད། བརྒྱུད་ལམ་ཁག་གི་གནས་ཚུལ་འགར་གཞིགས་ན་རྒྱ་ནག་ནང་ད་ཆ་རྒྱ་རིགས་ནང་པ་ས་ཡ་ ༢༠༠ ཙམ་ཡོད་ཚོད་འདུག ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་རྩོད་ཀྱི་མེད། བོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་ཕྱུག་པོ་དེས་རྒྱ་ནག་མི་དམངས་ས་ཡ་མང་པོར་ཁོར་ཡུག་བཟང་པོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཕན་ཐོགས་བྱེད་ཐུབ་པ་དང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ཚེ་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་ཐོག་བོད་དེ་དེང་རབས་ཅན་དུ་འགྱུར་རྒྱུར་ཕན་ཐོགས་ཡོད་པས་ངོས་ཀྱི་ལངས་ཕྱོགས་དེ་བོད་རྒྱ་མི་རིགས་ཕན་ཚུན་གཉིས་ཕན་ཞིག་ཡིན་པས་ཁྱེད་ཚོས་མི་གཞན་ཚོར་འགྲེལ་བརྗོད་བྱེད་རོགས། ཞེས་བཀའ་སློབ་སྩལ་ཡོད།།