༢༠༡༠ ཟླ་ ༨ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ ༨ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༤༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ན་ལིར་རྟེན་གཞི་བྱས་པའི་གདན་ས་གསུམ་དགའ་ལྡན་ཐེག་མཆོག་གླིང་ངམ་དགེ་ལུགས་དགོན་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་སྐྱོང་སྐབས་དགོན་དེའི་དགེ་འདུན་པ་རྣམས་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་དེར་གནས་གཟིགས་དང་ལས་སྣེ་རྣམས་ལ་གསུང་མོལ་མཛད་གྲུབ་རྗེས་དེར་འདུས་སེར་སྐྱ་མི་མང་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་ཕེབས་དོན། འདིར་འཛོམས་པའི་ནང་དེ་སྔ་བོད་ལ་སྐྱེས་པ་ག་ཚོད་ཡོད། རྒྱ་གར་ལ་སྐྱེས་པ་ག་ཚོད་ཡོད། ཅེས་བཀའ་སློབ་ཕེབས། དེ་རྗེས་མུ་མཐུད་བཀའ་སློབ་ཕེབས་དོན། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༥༡ སོང་ཟིན་ཡོད། ངོས་རང་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས་ལོ་ ༢༤ ཡིན། ད་ལོ་ ༧༦ སླེབས་ཡོད། ལོ་ངོ་ ༥༡ ཕྱིན་པ་རེད། འོན་ཀྱང་རང་དབང་ལུང་པའི་ནང་ང་ཚོ་བོད་པའི་དྲི་མ་དེ་མ་ཡལ་བར་བྱས་ཏེ་བསྡད་ཡོད། གཉིས་ནས་གཞོན་སྐྱེས་འཚར་ལོངས་བྱས་ཏེ་ཡོང་མཁན་དེ་དག་སློབ་གྲྭ་བསྒྲིམས་མ་མྱོང་མཁན་ཧ་ལམ་མེད། ཁྱེད་ཚོ་ཡི་གེ་མི་ཤེས་མཁན་སྤོ་ལགས་རྨོ་ལགས་ག་ཚོད་ཡོད་དམ། བོད་ཡིག་འབྲི་ཤེས་པ་དང་ཀློག་ཤེས་པ་ག་ཚོད་ཡོད། ཡག་ཐག་ཆོད་རེད་འདུག དབྱིན་ཇི་ཤེས་མཁན་ག་ཚོད་ཡོད་དམ། ཧིན་དི་ཤེས་མཁན་ག་ཚོད་ཡོད་དམ། ང་ཚོ་ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་ཏེ་བསྡད་ཡོད། ཕྱོགས་གཅིག་ནས་དེང་དུས་ཀྱི་ཤེས་ཡོན་སློབ་སབྱོང་བྱས་པ་དང་ཆབས་ཅིག་བོད་པའི་དྲི་མའང་མ་ཡལ་བའི་ཐོག་བོད་པའི་རིག་གཞུང་དང་གོམས་གཤིག་དེ་དག་མ་ཡལ་བར་བཟུང་ནས་བསྡད་ཡོད་པ་དེ་ཞེ་དྲག་རྩ་ཆེན་པོ་རེད། ཁྱེད་རང་ཚོ་འདི་དག་གི་ནང་དུ་ནང་མི་ཨ་རི་དང་ཁེ་ན་ཌ། ཡུ་རོབ་ནང་ཡོད་པ་ག་ཚོད་ཡོད་དམ། ས་ཕྱོགས་གང་དང་གང་དུ་ཡོད་ནའང་ང་ཚོ་བོད་པ་ཡིན་པ་དེ་མ་འཆི་བར་འགྱུར་བ་འགྲོ་རྒྱུ་རྩ་བ་ནས་མེད། སོ་སོའི་ལུས་འདི་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་ཤིག་ཆགས་ཡོད། མ་འཆི་བར་དུ་དེ་ལ་འགྱུར་མེད། དེར་བརྟེན་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརླག་པ་བྱེད་དགོས། གལ་ཆེ་ཤོས་ང་བོད་པའི་རིག་གཞུང་དེ་དག་ཡོད་པ་ཞིག་བྱུང་ན་བོད་པའི་རྣམ་པ་མཚོན་གྱི་ཡོད། སོ་སོའི་ཤ་ཁྲག་རུས་གསུམ་བོད་པ་ཡིན་ནའང་བོད་སྐད་དང་བོད་ཡིག་མ་ཤེས། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་མེད་པར་བསྡད་ན་བོད་པ་ཕྱེད་ཀ་ལྟ་བུ་རེད། ཆོས་དང་རིག་གཞུང་དེ་ཤེས་ན་ཏན་ཏན་སོ་སོ་ལ་ཕན་གྱི་རེད། མ་གཞི་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ང་ཚོ་ཐུག་ཆོག་གི་རེད། ཕྱི་ཚེས་ ༢༢ ཉིན་ཆོས་ཐུན་ཁག་གཉིས་ཡོད། ཁྱེད་རང་ཚོ་འདིར་ཆེད་མངགས་ཐུག་པར་ཡོང་བ་རེད་བློ་བདེ་པོ་བྱས་ཏེ་སྡོད་ཨང་། ཞེས་བཀའ་སློབ་སྩལ་གྲུབ་རྗེས་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་འཆི་མེད་དགའ་ཚལ་གླིང་ལ་ཆིབས་༸ཞལ་བསྒྱུར།།