༢༠༡༠ ཟླ་ ༧ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །འདི་གར་སུད་སི་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༠ ཉིན་སུད་སི་(Switzerland)དང་ལེཀ་ཊེན་ཊིན་(Liechtenstein)བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་བྷུ་ལག་(Bulach) ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་སྐབས་མི་མང་གྲངས་ ༢༠༠༠ བརྒལ་བ་འདུ་འཛོམས་ཀྱིས་ཆུ་ཚོད་ ༡༠།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་ཆེར་གདན་འདྲེན་ཞུས་པ་དང་སྦྲགས་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་བ་དང་མལ་རྟེན་གསུམ་འདེགས་འབུལ་ཞུས། ཆུ་ཚོད་གཅིག་ལྷག་གི་ཞལ་འདོན་གྲུབ་མཚམས་རྟེན་འབྲེལ་མཚོན་བྱེད་བཀྲ་ཤིས་ཞོལ་པ་དང་། གླིང་བྲོ་སོགས་འཁྲབ་སྟོན་ཞུས་ཡོད། དེ་ནས་སུད་སི་སྐུ་ཚབ་དོན་གཅོད་ཀྱི་གཙོས་ཡུ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་། སུད་སི་དང་ལེཀ་ཊེན་ཊིན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་རྣམ་དང་དབུ་ཁྲིད་ཀྱི་མཛད་ཁུར་བསྐྱངས་ཕྱོགས། དེ་བཞིན་བོད་རིགས་སྤན་ཟླ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་དགོས་སྐོར་གསུངས་ཡོད། དེ་ནས་སུད་སིའི་བོད་གཞུང་སྐུ་ཚབ་དོན་ཁང་གི་ལས་བྱེད་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཐོག་བཀའ་ཤག་གིས་གནང་བའི་གསུང་བཤད་སྒྲོགས་སྱང་གནང་བ་དང་། ཕྱོགས་མཚུངས་བོད་རིགས་གཞས་སྣ་འཁྲབ་སྟོན་ཚོགས་པས་བོད་གཞས་གསར་རྙིང་འདྲ་མིན་མང་ཚོགས་ལ་འཁྲབ་སྟོན་ཞུས་ཡོད། ཕྱི་ཚེས་ ༥ ཉིན་ཡུ་རོབ་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་མཐུན་ཚོགས་ཀྱིས་གོ་སྒྲིག་ཐོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་མི་མང་ ༡༢༠ བརྒལ་བས་མཛད་སྒོར་མཉམ་ཞུགས་གནང་ཡོད། སྐབས་དེར་དགའ་ལྡན་བྱང་རྩེའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་སྨོན་ལམ་གསུང་འདོན་གནང་། དེ་ཉིན་སྐུ་མགྲོན་གཙོ་བོ་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་དང་། སྐུ་ཚེའི་མཛད་འགན་གཙོ་བོ་གསུམ། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་དབར་གྱི་དམིགས་བསལ་འབྲེལ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། ཡང་ཕྱི་ཚེས་ ༦ ཉིན་རི་ཀོན་དགོན་པར་བོད་མི་གྲངས་ ༢༠༠ བརྒལ་བ་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།།