༢༠༡༠ ཟླ་ ༧ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཧིན་སྐད་ཚན་པས་བཏོན་པའི་ཟླ་དྲུག་དུས་དེབ་བོཌ་ཝ་ནི་(Bhotvani)ཞེས་པའི་ཧིན་སྐད་ཀྱི་དུས་དེབ་ཐོག་མ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་དབུ་འབྱེད་གནང་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༤།༡༥ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག དུས་དེབ་དེའི་རྩོམ་སྒྲིག་པ་ལྕམ་ར་ཇི་ར་མན་(Rajhi Raman) ལགས། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དཔེ་མཛོད་དྲུང་ཆེ་ངག་དབང་ཡེ་ཤེས་ལགས། དཔེ་མཛོད་ཁང་གི་ལས་བྱེད། བོད་རིགས་སྐུ་མགྲོན་ཁག་གཅིག དེ་བཞིན་གཙུག་ལག་སློབ་དཔོན་མཁས་དབང་ཤར་མས་ (Prof.Sharma) གཙོས་རྒྱ་གར་གྱི་སྐུ་མགྲོན་ཁག་གཅིག་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཧིན་སྐད་ཚན་པའི་འགན་འཛིན་བྱམས་པ་ཟླ་བ་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་། དེ་ནས་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་རྗེས་དུས་དེབ་དེའི་རྩོམ་སྒྲིག་པ་ར་ཇི་ར་མན་ལགས་ཀྱིས་གསུང་བཤད་གནང་། དེ་རྗེས་བཀའ་ཁྲི་མཆོག་གིས་དུས་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༥ ཕེབས་པའི་སྐུའིི་འཁྲུངས་སྐར་གྱི་ཉིན་དང་བསྟུན་བོད་ཀྱི་དཔེ་མཛོད་ཁང་ནས་བོཌ་ཝ་ནི་ཞེས་པའི་ཧིན་སྐད་ཀྱི་དུས་དེབ་འདི་འདྲ་ཞིག་ཟླ་དྲུག་མཚམས་ལ་འདོན་རྒྱུའི་ལས་གཞི་དབུ་བཙུགས་གནང་ཐུབ་པ་དེ་ནི་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན། དུས་དེབ་འདི་འདྲ་ཞིག་རྡ་ས་དཔེ་མཛོད་ཁང་ནས་འདོན་སྤེལ་ཐུབ་པ་དེ་ནི་གསར་བརྗེ་ཞིག་རེད་ཅེས་ངས་བརྗོད་ཆོག འོན་ཀྱང་དུས་དེབ་འདི་གསར་འགྱུར་གྱི་ངོ་བོ་མིན་པར་ཤེས་ཡོན་ལེགས་སྤེལ་གྱི་བརྒྱུད་ལམ་ཞིག་ཆགས་ཡོད། དཔེ་དེབ་འགྲེམས་སྤེལ་དང་གྲངས་ཀ་ལོང་བ་བྱེད་རྒྱུ་ཙམ་གྱི་ཆེད་དུ་མིན་པ་ཞིག་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།