༄༅། །རུ་སུའི་བོད་གཞུང་སྐུ་ཚབ་དོན་ཁང་གི་དྲྭ་རྒྱའི་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་རུ་སུའི་རྒྱལ་ས་མོ་སོ་ཁོར་རྟེན་གཞི་བྱས་པའི (Save Tibet Foundation Moscow) མོ་སི་ཁོ་བོད་སྐྱོབ་ཐེབས་རྩ་ཁང་ནས་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འཁྲོལ་ཡོད་པའི་ཐོག་༸གོང་ས་མཆོག་གི་དྲྭ་རྒྱ་ (www.dalailama.ru) ཞེས་པ་རུ་སུའི་སྐད་ཐོག་གསར་དུ་སྒོ་འབྱེད་གནང་ཡོད། རུ་སུའི་སྐད་ཡིག་ཐོག་དྲྭ་རྒྱ་དེས་རུ་སུ་ནང་པའི་མངའ་སྡེ་ཁག་གཙོ་བོར་གྱུར་བའི་རུ་སུའི་སྐད་ཡིག་བེད་སྤྱོད་བྱེད་བཞིན་པའི་འཛམ་གླིང་ཡུལ་གྲུ་ཁག་ནང་འགྲོ་བ་མིའི་རིན་ཐང་དར་སྤེལ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་དང་། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཟབ་མོ་ཁག་ཇི་བཞིན་དར་ཁྱབ་ཡོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་པ་རེད། གཞན་ཡང་རུ་སུའི་རྒྱལ་ས་མི་སི་ཁོ་དང་། ནང་པའི་མངའ་སྡེ་ཀལ་མུཀ ཐུ་ཝ། བྷུར་ཡ། ས་ཡེ་བེ་རི་ཡ་ (Siberia) ཨལ་ཏའི་ས་ཁུལ་ (Altai Region) བཅས་ས་གནས་མང་དག་ཅིག་ལ་༸གོང་ས མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པའི་གནས་ཚུལ་འཁོད་འདུག་པ་བཅས།།
གསར་གནས།
འབྲེལ་གནས།