ཟླ་བ་ ༧ ཚེས ༡༩ ༢༠༡༠

༄༅། །བཀའ་དྲུང་ཡིག་ཚང་ནས་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་རིག་གཞུང་སྲུང་སྐྱོབས་རྒྱུན་འཛིན་དང་དར་སྤེལ་ཆེད་ཉམས་ཞིབ་དང་དཔེ་དེབ་དཔར་སྐྲུན། དཔེ་མཛོད་དང་འགྲེམས་སྟོན་ཁང་གི་ཕྱག་དཔེ་དང་བཅའ་དངོས་ཉོ་སྒྲུབ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་རིག་གཞུང་སློབ་གཉེར་དང་བདག་གཉེར་ལས་གཞི་ཁག་གི་ཁོངས་སུ་ལས་གཞི་ཚད་ལྡན་ཡོོད་ཚེ་བཙན་བྱོལ་བོད་གཞུང་ནས་མཐུན་རྐྱེན་རོགས་སྐྱོར་ཕྲན་བུ་སྱར་རྒྱུ་ཡིན་ཚུལ་བཀོད་པ་ལ་ཚོགས་སྒེར་སྤྱི་རིགས་ནས་ལས་འཆར་སྙན་ཐོ་བརྒྱ་ལྷག་གནང་འབྱོར་ཡང་། དེ་དག་ཕལ་མོ་ཆེ་ལས་འཆར་ཚད་ལྡན་མེད་པ་དང་། དམིགས་ཡུལ་དང་མ་འཚམས་པ། ཡང་ན་དངུལ་འབོར་ཧ་ཅང་མང་བས་རོགས་སྐྱོོར་གྱི་ཆ་རྐྱེན་ལས་བརྒལ་བ་བཅས་ལ་བརྟེན་ལས་གཞི་རེ་ཟུང་ཙམ་ལས་རོགས་སྐྱོར་ཞུ་ཐུབ་མ་གྱུར་པར་བློ་ཕམ་དང་ཆབས་ཅིག སྙན་ཕུལ་བ་སོ་སོར་ཡིག་འགྲུལ་ཟུར་དུ་མ་དགོས་པར་གསལ་བསྒྲགས་འདིའི་བརྒྱུད་དམིགས་བསལ་བསྐྱར་ཞིབ་ཡིག་ཆུང་འབྱོར་རིགས་མ་གཏོགས་དེའི་འཕྲོས་རོགས་སྐྱོར་འབུལ་ཐབས་མ་གྱུར་བའི་གྲས་སུ་ཡིན་པར་དགོངས་ཆུབ་ཡོད་པ་ཞུ་རྒྱུ་དང་། འབྱུང་འགྱུར་ལས་གཞི་འདིའི་འོག ཀ དཔེ་དེབ་དཔར་སྐྲུན་དང་། ཁ ཉམས་ཞིབ་དང་དཔེ་དེབ་གསར་རྩོམ་ལས་གཞི། ག བོད་ཀྱི་རིག་གནས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས་བཅས་ཀྱི་རོགས་སྐྱོར་ཞུ་ཕྱོགས་ཀྱི་ལམ་སྟོན་ཡོད་པ་གཞིར་བཟུང་རེ་འདུན་གནང་མཁན་བྱུང་ན་ལམ་སྟོན་དང་མཐུན་པའི་རིགས་འཕྲལ་རོགས་སྐྱོར་ཐུབ་མིན་ལན་གསལ་ཡོང་རྒྱུ་དང་། ལམ་སྟོན་དང་མི་མཐུན་པའི་རིགས་ངོས་ལེན་ཞུ་རྒྱུ་མིན་ཞིང་། ཨར་ལས་དང་འཛིན་ཆས་། ལས་བྱེད་གླ་ཕོགས། དུས་དེབ། གསར་ཤོག སྙན་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་དཔར་སྐྲུན་རིགས་ལས་གཞི་འདིའི་ཁོངས་སུ་རོགས་སྐྱོར་འབུལ་རྒྱུའི་ཆ་རྐྱེན་མེད་པ་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༡༧ ལ་ཕུལ།། །།

Share with your friends










Submit