༢༠༡༠ ཕྱི་ཟླ་ ༧ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་རིང་ཁེ་ཎ་ཌའི་ (Canada) གྲོང་ཁྱེར་ཊོ་རོན་ཊོའི་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་མཐུན་ཚོགས་ (G8) ཀྱི་ཚོགས་འདུ་དང་དེ་བཞིན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ (G20) དེ་ཚོགས་ཡོད། སྐབས་དེར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་ (INPaT) གི་ཟུང་སྦྲེལ་ཚོགས་གཙོ་དང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Matteo Meccaci) ལགས་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་གི་ཟུང་སྦྲེལ་ཚོགས་གཙོ་ཇར་མན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ (Thomas Mann) ལགས་རྣམ་གཉིས་གཙོ་བོར་གྱུར་བའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་གིས། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གཞུང་གི་སྐུ་ཚབ་དང་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་ཡོང་རྒྱུར་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་མཐུན་ཚོགས་ནང་ལྷན་ཞུགས་གནང་བའི་འཛམ་གླིང་དབུ་ཁྲིད་ཚོས་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་བཏང་ཡོད།
ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གནད་དོན་དེ་དང་འབྲེལ་ནས་གསུང་དོན། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་གིས་འགྱུར་བ་མེད་པའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་བར་ང་ཚོར་བློ་སྤོབས་ཧ་ཅང་བསྐྱེད་བྱུང་། ཕྱི་ལོ་ ༢༠༠༨ ནས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་མཐུན་ཚོགས་ཀྱི་ཚོགས་མི་བདུན་ནས་བོད་རྒྱའི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་གི་སྐུ་ཚབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་གནང་རྒྱུ་དེར་རྒྱབ་སྐྱོར་ཞུས་ཡོད། ངས་བསམ་པར་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་མཐུན་ཚོགས་དང་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱབ་སྐྱོར་དེ་བས་ཤུགས་ཆེ་བ་གནང་རྒྱུ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་ཡོད། འབྱོར་ལྡན་རྒྱལ་ཁབ་བརྒྱད་དང་རྒྱལ་ཁབ་ཉི་ཤུའི་མཐུན་ཚོགས་ཀྱི་ལྷན་ཚོགས་དེར་འདུས་འཛམ་གླིང་དབུ་ཁྲིད་རྣམས་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་གིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པ་དང་། བོད་ནང་ཆུའི་ཐོན་ཁུངས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་བེད་སྤྱོད་གཏོང་ཕྱོགས་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་གནས་སྟངས་ཐོག་རང་དབང་ཅན་གྱི་རྒྱལ་སྤྱིའི་ཚན་རིག་གི་ཞིབ་འཇུག་བྱེད་འཇུག་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། བོད་ཀྱི་རང་བྱུང་གཏེར་དངོས་ཐོན་སྐྱེད་སོགས་ལ་རྒྱ་ནག་གཞུང་གིས་བདག་གཅེས་བྱེད་རྒྱུའི་སྲིད་བྱུས་ཇི་འདྲ་ཞིག་ཐག་གཅོད་གཏན་འབེབས་གནང་སྐབས་ངེས་པར་དུ་བོད་མི་དང་ལྷག་པར་བོད་ཀྱི་འབྲོག་པ་རྣམས་མཉམ་ཞུགས་བྱེད་འཇུག་དགོས་པ་དང་། བོད་དང་བོད་ནས་ཐོན་པའི་ཆུའི་མཐུན་རྐྱེན་ལ་སྤྱོད་མཁན་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ཡར་རྒྱས་ཆེད་ཚན་རིག་མཁས་པ་དང་མ་འཛུགས་བྱེད་མཁན་རྣམས་ཀྱིས་བོད་ཀྱི་ས་ཆའི་གནས་སྟངས་ལ་ཉམས་ཞིབ་དགོས་པ་དང་། ཆུའི་མཐུན་རྐྱེན་ལ་འགྲན་བསྡུར་འགོག་ཆེད་ས་གནས་ཀྱི་མ་རྩ་འཛུགས་མཁན་གྱི་གཙོས་རྒྱལ་ཁབ་ཁག་གི་ཐག་གཅོད་དང་ལྟ་སྐྱོང་བྱེད་སྲོལ་སྤེལ་དགོས་པའི་གནད་དོན་ཐོག་དགོངས་བཞེས་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་གི་ཚོགས་འདུ་དང་པོ་དེ་སྔ་ལོའི་ཕྱི་ཟླ་ ༡༡ ནང་ཨི་ཊ་ལིའི་རྒྱལ་ས་རོམ་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ལྔ་པ་དང་སྟབས་བསྟུན་ཏེ་ཚོགས་ཡོད།།