ཟླ་བ་ ༧ ཚེས ༡ ༢༠༡༠

༄༅། །བོད་ཆོས་སྲིད་ཟུང་འབྲེལ་མང་གཙོའི་ཆབ་སྲིད་ཀྱི་ལམ་སྲོལ་དབུ་བརྙེས་ནས་ལོ་ ༤༧ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་འགྲོ་བས་གཞིས་བྱེས་བོད་མི་ཡོངས་དང་།ྐབོད་དང་བོད་མིར་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁགྐབོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱལ་སྤྱིའི་མང་ཚོགས་བཅས་ལ་མཛའ་བརྩེའི་འཚམས་འདྲི་དང་། བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་ཚད་ལྡན་ནང་བསྐྱོད་ཐུབ་པའི་ཆེད། ཕྱིའི་མཐུན་རྐྱེན་བཅའ་ཁྲིམས་དང་། དེའི་སྒྲོམ་གཞིའི་ནང་ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་གྱིས་མཚོན་པའི་སྒྲིག་འཛུགས་ཁག སྤྱི་འཐུས་དང་བཀའ་ཁྲི་འོས་འདེམས་ཀྱི་ལམ་སྲོལ་སོགས་མ་ཚང་བ་མེད་པ་གྲུབ་ཟིན་ནའང་། ནང་གི་མཐུན་རྐྱེན་མང་ཚོགས་ནང་གུ་ཡངས་ཀུན་མཉམ་གྱི་བསམ་ཚུལ་དང་། མང་གཙོའི་ལེགས་བྱང་ཚད་ལྡན་ཞིག་ཡོད་དགོས་པ་དེ་དག་ད་དུང་ཚད་ལོངས་ཤིག་མེད་པའི་རྣམ་པ་ཡང་ཡང་འཐོན་གྱི་ཡོད་སྟབས། ཚང་མས་འདིའི་ཐད་ལེགས་བཅོས་དང་ཡར་རྒྱས་ཡོང་ཐབས་ལ་འབད་འབུང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

མང་གཙོའི་ལམ་སྲོལ་གྱི་རྨང་གཞི་ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་སྐྱོང་བཅས་ཀྱི་དབང་ཚད་ཟུར་དབྱེ་དང། ཆ་བགོས། ཕན་ཚུན་བཏང་འཛིན་ལྗིད་མཉམ་བཅས་ཀྱི་ཆ་རྐྱེན་བཅའ་ ཁྲིམས་རིན་པོ་ཆེའི་ནང་བསྐྲུན་ཡོད་པ་ལྟར་དངོས་དོན་ཉམས་ལེན་ཐུབ་པ་ཞིག་དགོས་རྒྱུ་ནི་མང་གཙོའི་འཕེལ་རིམ་ནང་གལ་གནད་ཆེ་བའི་འགག་རྩ་ཞིག་ཡིན།

ལྷག་པར་ད་ལྟ་རང་རེས་ལག་བསྟར་བྱེད་བཞིན་པའི་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་ལམ་སྲོལ་འདི་ལྟ་བུར་མཚོན་ན་མང་གཙོའི་ཀ་བ་གསུམ་གྱི་ལྗིད་མཉམ་བཏང་འཛིན་བྱེད་ཕྱོགས་ཁྱད་པར་བ་ཞིག་དགོས་པ་མ་ཟད། ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་ཀ་ཐད་ཀར་མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་རང་བཞིན་ལ་ལྟོས་ཏེ་དེའི་འབྲེལ་ལམ་ཡང་མཉེན་ལྕུག་ཚོར་ལྡན་ཞིག་དགོས་པ་ལས་ད་དུང་ཚོད་བལྟའི་དུས་རབས་སུ་ལུས་ན་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་དཀའ།

མང་ཚོགས་ཀྱི་དོན་དུ་མང་ཚོགས་ཀྱིས་བཙུགས་པའི་མང་ཚོགས་ཀྱི་གཞུང་གི་ལས་དོན་ཇི་འདྲ་ཞིག་ཡིན་རུང་དེའི་མཐར་ཐུག་གི་འགན་དབང་གཉིས་ཀ་མང་ཚོགས་ལ་ཡོད་པས་བཙན་བྱོལ་བོད་ གཞུང་གི་སྒྲོམ་གཞི་མ་ལག་ཡོངས་ལ་མང་ཚོགས་ཀྱིས་བཏང་འཛིན་ཚད་ལྡན་དང། རྒྱུན་ལྡན་ཡོད་དགོས་པ་གལ་གནད་ཤིན་ཏུ་ཆེ། མང་ཚོགས་ནས་གཞུང་གི་འགོ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་ཐུབ་ཙམ་གྱིས་མང་གཙོའི་ལས་འགན་འཐུས་ཚང་འགྲུབ་པ་མིན། མང་གཙོའི་དཔལ་ཡོན་ངོ་མ་ནི་སྤྱི་ཚོགས་ཀྱི་འཚོ་བ་འདྲ་མཉམ་དང་། མཐུན་འབྲེལ། གཅིག་ཕན་གཅིག་གྲོགས། མཉམ་འདུས་ཀྱི་འགན་ཁུར་དང་ལྡན་པའི་ཞི་བའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན། དེའི་ཆེད་མིང་དོན་མཚུངས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། རང་སྐྱོང་གི་སྒྲིག་འཛུགས་ཚད་ལྡན་གང་མང་དགོས་པ་དང་། དེ་དག་ཀྱང་གཞུང་ལ་བརྟེན་ལྟོས་མ་དགོས་ཤིང་། གཞུང་གི་དབང་བྱུས་དང་བེད་སྤྱོད་འོག་མི་འགྲོ་བ་ཞིག་དགོས། བཀའ་ཤག་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་གཞུང་ལ་བརྟེན་ལྟོས་མ་དགོས་པ་དང་། རང་སྐྱོང་གི་རྣམ་པ་གསལ་སྟོན་ཡོང་ཐབས་འབད་བརྩོན་ཞུ་སྐབས་རེ་ཟུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ལ་གལ་གནད་མ་བརྩི་བའམ། མཐོང་ཆུང་ཞུས་པ་ལྟ་བུའི་གོ་བ་ལོག་སྒྲུབ་གནང་མཁན་ཡང་ཡོང་འདུག་པ་དེ་ནི་མང་གཙོའི་ལེགས་བྱང་ཚད་ལོངས་མེད་པའི་མཚོན་རྟགས་ཤིག་རེད། ཁྱད་པར་གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་རྣམས་ཀྱིས་ནང་དོན་གཞུང་དང་གཅིག་གྱུར་ཡིན་པའམ། གཞུང་གིས་མངོན་གསལ་མེད་པའི་རྒྱབ་སྐྱོར་ཡོད་པ་ལྟ་ བུའི་གཏམ་བཤད་དང་རྣམ་འགྱུར་བསྟན་པ་དེ་རིགས་ནི་བཟང་སྤྱོད་དང་འགལ་བའི་བྱེད་ཕྱོགས་ཤིག་ཡིན། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ད་རེས་གལ་ཆེའི་མང་གཙོའི་དུས་དྲན་ཉིན་མོ་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུ་ལའང་གཞུང་ཕྱོགས་ནས་ཐེ་བྱུས་དང་བེད་སྤྱོད། ཡང་ན་ནང་དོན་སློབ་སྟོན། མཐུན་རྐྱེན་སྱོར་སྤྲོད་སོགས་གང་ཡང་བྱེད་ཀྱི་མེད་པའི་དངོས་དོན་གྱི་གནས་བབ་གསལ་བརྗོད་བྱེད་རྒྱུ་ཡིན་པ་མ་ཟད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་རང་རང་སོ་སོའི་ཆབ་སྲིད་དང་། སྤྱི་ཚོགས། ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་ལས་དོན་ཇི་འདྲ་ཞིག་བརྩམས་རུང་དེའི་འགན་དང་ངོ་སོ་ཆ་ཚང་ཚོགས་པ་སོ་སོས་འཁྱེར་དགོས་པ་ལས་གཞུང་དང་གཞུང་གི་སྒྲིག་འཛུགས་མ་ལག་ཁག་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་འདྲུད་གནང་འོས་མ་མཆིས། མང་གཙོའི་ལམ་སྲོལ་གྱི་ཁྱད་ཆོས་གཞན་ཞིག་ནི་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པ་དེ་ཡིན་པས་བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་ཉམས་ལེན་དགོས་རྒྱུ་མ་ཟད། ཁྱད་པར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་མི་འགལ་བ་གནང་རྒྱུའང་རང་རེའི་མང་གཙོའི་འཕེལ་རིམ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁག་གཅིག་གིས་སྔ་ལོ་ཕྱི་ཟླ་ལྔ་པ་ནས་བཟུང་བོད་རྒྱའི་འབྲེལ་མོལ་གྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་ཞིང་། བོད་རིགས་ཡོངས་ལ་བློ་ཕམ་འཁོན་འཛིན་ཤུགས་ཆེ་ཡོང་གཞིའི་བྱ་སྤྱོད་སྣ་ཚོགས་ཤིག་བརྩམས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཧ་ལས་ཧོན་འཐོར་དགོས་པ་བྱུང་ཁར། འབྲེལ་མོལ་ཐེངས་དྲུག་པའང་དུས་ཡུན་རིང་ཙམ་འགྱངས་རྗེས། ཉེ་ཆར་ཟླ་ངོ་གཉིས་སྔོན་གཞི་ནས་བྱས་ཡོད་ཅིང་། སྐབས་དེའི་གནས་ཚུལ་ཇི་བྱུང་༸གོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་གི་དབུ་ཁྲིད་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༧ འཁོད་པའི་གསར་འགོད་གསལ་བསྒྲགས་སུ་གསལ་བ་ལྟར་ལས་བསྐྱར་ཟློས་མ་དགོས་ཤིང་། མདོ་དོན་འབྱུང་འགྱུར་ འབྲེལ་མོལ་གྱི་ལས་རིམ་མདུན་བསྐྱོད་ཐུབ་མིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོ་ནའི་ཕྱག་ཏུ་ཡོད་པ་དང་། དེའི་ཆེད་ངེས་པར་བྱ་དགོས་ཀྱི་ལས་རིམ་ཡང་གསལ་སྟོན་བྱས་ཟིན་པ་ཡིན། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་མདུན་བསྐྱོད་ཐུབ་མིན་ཇི་ལྟར་ཡང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་གཞུང་གི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་ནམ་ཡང་མེད་པ་ནན་བརྗོད་བྱ་རྒྱུ་ཡིན།

བོད་མཐའ་དབུས་ཀུན་ཏུ་བོད་རིགས་ཡོངས་ཀྱིས་ཆོས་དད་དང་རིགས་ཞེན་ནམ་ཡང་མི་འདོར་བར་སྙིང་སྟོབས་ཆེན་པོས་བཙན་གནོན་ལ་འགོག་རྒོལ་རྒྱུན་འཁྱོང་ཡོད་མུས་ཁར། ལྷག་པར་ཉེ་བའི་ཆར་ལི་ཐང་ཁུལ་དུ་རུང་རྒྱས་ཨ་གྲགས་ཀྱིས་ལུས་སྲོག་ལོངས་སྤྱོད་གང་ལའང་ལྟོས་པ་མེད་པར་བོད་མི་རིགས་ཀྱི་བསམ་ཚུལ་དང་མངོན་འདོད་ཞི་བའི་ལམ་ནས་གསལ་སྟོན་བྱས་པའི་གནས་ཚུལ་དེ་ནི་བྱུང་རབས་ནང་ཟུབ་ཏུ་མེད་པའི་ལག་རྗེས་ཆེན་པོ་ཞིག་བཞག་ཡོད་པ་དེར་གཞིས་བྱེས་བོད་རིགས་ཡོངས་དང་། འཛམ་གླིང་སྐྱེ་འགྲོ་ཚང་མས་ཡི་རངས་བསྔགས་བརྗོད་དང། གདུང་སེམས་མཉམ་བསྐྱེད་ཡོད་པ་སྨོས་མེད་དང་། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང།མང་ཚོགས་ཡོངས་ནས་ཁོང་གི་ལུས་སྲོག་ཉེན་སྐྱོབ་ཆེད་ཐབས་ལམ་གང་ཡོད་ལག་བསྟར་གནང་བའི་ཡིད་ཆེས་ཡོད།

ཟླ་བ་སྔོན་མའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རིགས་ས་ཁུལ་ཁག་ཏུ་བོད་རིགས་དམར་ཤོག་ཚོགས་པའི་འགོ་གཙོ་ ༥༠ བརྒལ་བ་འཕོ་འགྱུར་བཏང་སྟེ་རྒྱ་རིགས་ལས་བྱེད་གསར་འཛུགས་དང་། དམར་ཤོག་ཚོགས་པའི་བོད་རིགས་ཚོགས་མི་དང་འགོ་ཁྲིད་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོར་མཚན་སྨོད་ཞུ་རྒྱུའི་ལས་གཞིའི་ཐོག་ལངས་ཕྱོགས་བརྟན་པོ་མེད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པ་དེ་དག་ནི་ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་འུ་ཐུག་ཐབས་ཟད་ཀྱི་ཚོར་སྣང་ཞིག་ཡོད་པ་གསལ་སྟོན་བྱས་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་བཞིན་བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་ཟེར་བ་སོགས་སུ་བོད་རིགས་ལས་བྱེད་བརྒྱ་ཆ་མཐོ་པོ་ཡོད་ཚུལ་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་དང་། ལྷག་པར་འབྲེལ་མོལ་སྐབས་གྲངས་ཐོ་དང་སྦྲགས་འགྲེལ་བརྗོད་བྱས་པ་དེ་རྣམས་བདེན་དོན་མིན་པའི་ར་སྤྲོད་གསལ་པོ་ཞིག་བྱུང་འདུག མདོ་དོན་དྲག་པོའི་བཙན་གནོན་དང་། ཞི་བའི་སླུ་བྲིད་གང་གི་ཐོག་ནས་ཀྱང་བོད་མི་རིགས་ཀྱི་བསམ་བློ་ལ་འགྱུར་བ་གཏོང་མི་ཐུབ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོར་དད་འདུན་མེད་པ་བཟོ་མི་ཐུབ་པའི་དངོས་དོན་དེ་ཉི་ཤར་སྦར་མོས་མི་ཁེབས་པ་གྱུར་ཟིན།

འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་གཞན་ཞིག་ནི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་བཀའ་རྩ་ཞེས་པ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས། ལོ་རྒྱུས་དང་ལམ་སྲོལ། བོད་མི་མང་ཚོགས་ཀྱི་མངོན་འདོད་བཅས་དང་ཡོངས་སུ་འགལ་བའི་ཡིག་ཆ་ཞིག་བཏོན་འདུག དེ་ནི་བློ་ལྡན་རྣམས་ཀྱིས་དཔྱད་བྱར་མ་འོས་ཀྱང་བདེན་དོན་དེབ་ཐེར་དུ་འཁོད་ཆེད་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་དང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་རྣམ་པ་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་ཡིན།

གནས་ཚུལ་ཚད་ལྡན་གོ་ཐོས་ལྟར་ན་ཉེ་བའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཚན་ཁག་གཅིག་ནས་ལས་དོན་རུ་ཁག་ཆེད་འཛུགས་ཀྱིས་བོད་མིར་གནོད་གཞིའི་ལས་འགུལ་ཇི་སྙེད་ཅིག་འཆར་འགོད་བྱས་པའི་ནང་གཞིས་བྱེས་བོད་མིའི་སྒྲིག་འཛུགས་དང་། ཚོཌ་ཁག གང་ཟག་སྒེར་སོགས་ཀྱི་དབར་དཀྲུགས་ཤིང་བརྒྱབས་ཏེ་མང་ཚོགས་ཀྱི་ཆིག་བསྒྲིལ་གཏོར་བཤིག་གཏང་རྒྱུ་དང་། ལྷག་པར་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་ཡུལ་མི་དང་བོད་མིའི་དབར་འཁོན་རྩོད་ཡོང་ཐབས་བྱ་རྒྱུ་བཅས་གལ་ཆེའི་ལས་འཆར་གྱི་ངོ་བོར་བཀོད་ཡོད་འདུག་པས་བོད་རིགས་ཚང་མས་ཕ་རོལ་པོའི་ངན་བྱུས་ངོས་ཟིན་པའི་སྒོ་ནས་ནང་ཁུལ་མཐུན་ལམ་ཉམས་ཆག་མི་འགྲོ་བ་དང་། ཡུལ་མི་དང་རྩོད་གླེང་མི་འབྱུང་བའི་ཆེད་སེམས་ཚོར་དང་། སྤྱང་གྲུང་དོད་པོས་ཐུགས་གཟབ་རྒྱུན་དུ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༡༣ མཚན་མོ་རྡ་ས་མེག་གྷན་ཁྲོམ་གཞུང་ཁུལ་ཡུལ་མི་བསམ་མེད་ཁག་གཅིག་ནས་འཐབ་རྩོད་སློང་བའི་འབད་རྩོལ་ཤུགས་ཆེ་བྱས་ཀྱང་། བོད་མི་བསམ་ཡོད་རྣམ་པས་བཟོད་བསྲན་ཆེན་པོས་ཡ་ལན་གང་ཡང་མ་གནང་བར་བརྟེན་ཁོང་ཚོ་བྱ་ཐབས་མེད་པའི་གནས་སུ་གྱར་དགོས་པ་ཞིག་བྱུང་འདུག་པ་དེ་ནི་སྤོབས་པ་བྱ་འོས་པ་དང་། བོད་མི་རིགས་ཀྱི་བཟང་སྤྱོད་དང་མཐུན་པ་གཟེངས་བསྟོད་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་ཞིག་བྱུང་འདུག་པས་སྐབས་དེར་བཟོད་བསྲན་གནང་མཁན་གྱི་བོད་མི་མི་རེ་ངོ་རེར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་བཟང་སྤྱོད་ཀྱི་སྲོལ་བཟང་འདི་བོད་མི་རྒན་གཞོན་ཚང་མས་རྒྱུན་སྐྱོང་གནང་བའི་རེ་བ་དང་ཡིད་ཆེས་ཡོད། དེ་བཞིན་སྐབས་དེར་ཡུལ་མི་མང་བས་ཀྱང་ཁོ་ཚོའི་རྒྱབ་ལང་མ་བྱས་པར་ཞི་འཇགས་ཡོང་ཐབས་གནང་འདུག་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་དེ་མཚུངས་རྒྱུན་འཁྱོངས་གནང་བའི་ཡིད་ཆེ་ཞུ་རྒྱུ་ཡིན།

རྡ་རམ་ས་ལའི་ས་ཁུལ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་། བཙན་བྱོལ་བོད་གཞུང་གི་བསྟི་གནས་ཡིན་པས་བོད་རིགས་གནས་ཡུལ་གལ་འགངས་ཆེ་ཤོས་དེ་ཡིན་སྟབས། ས་ཁུལ་འདིར་ཡུལ་མི་དང་བོད་མིའི་བར་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་རྒྱུ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཙམ་མ་ཟད། ཆབ་སྲིད་ཀྱི་དགོས་མཁོ་ཧ་ཅང་ཆེ་བ་ཞིག་ཡིན་པས་ཚང་མས་ཐུགས་སྣང་དམ་གཟབ་དགོས་པ་དང་།ེའི་ཆེད་བཙན་བྱོལ་གཞུང་གི་ངོས་ནས་ས་གནས་ཆབ་སྲིད་པའི་མི་སྣ་དང་། གཞུང་གི་ལས་བྱེད། གནད་ཡོད་ཡུལ་མི། ལྷག་པར་ས་གནས་གྲོང་གསེབ་སོ་སོའི་འགོ་གཙོ་བཅས་དང་ལྷན་འབྲེལ་མཐུད་ཚད་ལྡན་ཡོང་ཐབས་སུ་ལས་འཆར་འགྲོ་མུས་ཡིན་པ་དེའི་ནང་འབྲེལ་ཆགས་བོད་རིགས་ཚང་མས་མཉམ་ཞུགས་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་དགུང་ཀེག་དངོས་གཞིའི་ལོ་དུས་ཕྱེད་ལྷག་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་འགལ་རྐྱེན་གྱི་རིགས་ཕྲ་མོ་ཙམ་ཡང་མ་བཞེས་པར་འདས་ཟིན་པ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་བླ་མེད་ཅིག་ཡིན་པ་དང་། ད་དུང་ཟླ་གྲངས་ཁ་ཤས་ལུས་པ་དེའི་རིང་དུའང་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་རྒྱས་པའི་སྨོན་ལམ་གསོལ་འདེབས་དང་། རྣམ་དཀར་དགེ་སྱོར། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་འབུང་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།

མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༠༧ ཕྱི་ཟླ་ ༩ ཚེས་ ༢ ལ།།

Share with your friends










Submit