༢༠༡༠ ཟླ་ ༧ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །དབྱིན་ཇིའི་སྲིད་བློན་གསར་པ་ཌེེ་ཝིཌ་ཀེ་མེ་རོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་དབྱིན་ཇིའི་སྲིད་བློན་གསར་པར་འདེམས་མཐོན་བྱུང་བར་འཚམས་འདྲི་ཕུལ་བའི་ལན་དུ། གཞུང་འདིས་རྒྱ་ནག་གིས་བོད་མི་རྣམས་ལ་དོན་དང་ལྡན་པའི་རང་སྐྱོང་ལྗོངས་སྤྲོད་ཐབས་སུ་འབད་རྩོལ་ཆེ་བསྐྱེད་ཡོང་བར་མུ་མཐུད་འབོད་སྐུལ་བྱ་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་ནག་གཞུང་གི་ངོས་ནས་ཕན་ཚུན་ཡིད་ཆེས་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་ཞུ་རྒྱུ་དང་། འདི་ནི་བོད་ཀྱི་དཀའ་རྙོག་ཞི་བདེ་དང་གཏན་འཇགས་སེལ་རྒྱུའི་ཐབས་ལམ་གཅིག་པུ་དེ་རེད། ང་ཚོའི་གཞུང་གིས་གལ་ཆེའི་གནད་དོན་རྣམས་༸གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་རིགས་དཔོན་རིགས་དབར་དོན་དང་ལྡན་པའི་གྲོས་མོལ་བརྒྱུད་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་འདུན་པ་ནི་དུས་ཡུན་རིང་བའི་བརྟན་ལྷིང་ཡིན་པ་དང་། དེ་ནི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་ཚད་མཐོའི་རང་སྐྱོང་གི་གནས་བབ་སྤྲད་པ་ཁོ་ནའི་བརྒྱུད་ནས་ཡོང་གི་རེད། ཅེས་གསུངས་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ཕྱི་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་རྒྱབ་སྐྱོར་མཚོན་པའི་བཀའ་ལན་ལ་བཅོས་མིན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག