ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་འདིར་བོད་འབངས་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པལྨོའི་རྣམ་སྤྲུལ་སྡོམ་གསུམ་ངུར་ིག་འཛིན་པ། རང་རེའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་དྲན་མཛད་སྒོ་མཚར་དུ་དངར་བ་བསྐྱང་བཞིན་པའི་སྐབས་འདིར་ཕེབས་བཞུགས་གནང་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། ཡབ་གཞིས་སྐུ་འཁོར་རྣམ་པ། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་གཞུང་ཞབས་ལས་ཟུར་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། འདིར་འདུས་སེར་སྐྱ་མང་ཚོགས་དང་། བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

མགོན་པོ་གང་ཉིད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེར་གཟིགས་པ་ལྔ་ལྡན་གྱི་སྒོ་ནས་ལེགས་པར་སྐུ་བལྟམས་ཏེ་དེ་རིང་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོར་སོང་སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང་། ཁྱད་པར་གང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་གི་བོད་འབངས་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། མཛད་དོན་མཐའ་དག་དབྱར་གྱི་ཆུ་གཏེར་བཞིན་དུ་གོང་ནས་གོང་འཕེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་ཛ་དྲག་ཐོག་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པའི་རེ་དོན་བཞིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་མ་ཐག་དེ་སྐབས་བོད་ནང་སླེབས་ཟིན་པའི་རྒྱ་མིའི་ལས་བྱེད་རྣམས་དང་། ལྷག་པར་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་རྒྱ་དམར་གྱི་ཞི་དྲག་འགོ་འཁྲིད་རྣམས་ལ་མི་ལོ་དགུའི་རིང་ཐབས་མཁས་ཐུགས་རྗེའི་སྒོ་ནས་མཐུན་ལམ་འབྲེལ་ཟབ་ཀྱིས་སྤྱིར་བོད་ལྗོངས་འདི་བཞིན་རང་དབང་དུ་མུ་མཐུད་གནས་ཐབས་དང་། འཕྲལ་སྒང་བོད་མི་རྣམས་མི་གསོད་ཁྲག་སྱོར་ལས་སྐྱོབ་ཐབས་མཛད་ཡོད། འོན་ཀྱང་རྒྱ་དམར་གྱི་དབང་ཤུགས་ཤོག་བུ་སྣུམ་ཟས་ཀྱི་དཔེ་བཞིན་བོད་ཁམས་ཡོངས་སུ་ཁྱབ་སྟེ་མཐར་༸གོང་ས་མཆོག་སྐུ་འཁོར་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་རང་ཡུལ་རང་དབང་སླརགསོའི་ཆེད་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྒྲིག་འཛུགས་རྒྱུན་མཐུད་ཐོག་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཅན་དུ་བཅོས་བསྒྲིགས་དང་། གང་གི་ཕེབས་རྗེས་སུ་སྙེགས་འབྱོར་བོད་ཕྲུག་བློ་གསར་གཞོན་ནུ་རྣམས་ལ་མ་འོངས་བོད་ཀྱི་སོན་རྩར་ཐུགས་རེ་དགོངས་བཞེས་ཀྱིས་བོད་ཕྲུག་ཁེ་གཙང་གི་གཏན་ཉིན་སློབ་གྲ་ཁག་མང་གསར་འཛུགས། བོད་མིའི་ངོ་བོ་མ་བརླག་ཅིང་། བོད་མི་རྣམས་རང་བཞིན་ཁ་འཐོར་དུ་གྱར་སྡོད་མ་ཡིན་པར་འདུ་གནས་གཞིས་བཟོ་ཁག་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་རིས་སུ་མ་མཆིས་པའི་དགོན་སྡེ་ཆོས་སྒར་ཁག་མང་གསར་བཞེངས་སོགས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཕྲ་ཚུགས་ཀྱིས་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ཡར་རྒྱས་འབུར་ཐོན་ཐོག །བོད་དོན་བདེན་པའི་གནས་ལུགས་སྐོར་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་སྐུལ་སྔ་རྗེས་དང་། ༸གོང་ས་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཕལ་མོ་ཆེར་ཡང་ནས་ཡང་དུ་ཆིབས་སྒྱུར་བཀྲིན་ཆེ་སྟེ་བདེན་རྒྱབ་དཔུང་གནོན་ཞུ་སྐུལ་མཛད་དང་མཛད་བཞིན་པའི་ཉེར་ལེན་གྱིས་དེང་སྐབས་བོད་དོན་འདི་བཞིན་འཛམ་གླིང་ཆབ་སྲིད་བབ་སྟེགས་སྟེང་གནད་དོན་གལ་ཆེར་གྱུར་ཏེ་སུས་ཀྱང་སྣང་མེད་བསྐྱུར་འཇོག་བྱ་ཐབས་མེད་པ་ཞིག་ཆགས་ཡོད། བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཐབས་ཤེས་གནང་མུས་སོགས་དེ་དག་ཐམས་ཅད་ནི་༸གོང་ས་མཆོག་གི་མཚན་སྙན་མཛད་འཕྲིན་ཁོ་ན་ལས་བྱུང་བར་བརྟེན་རྟག་ཏུ་བོད་རིགས་རྩམ་གཟན་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཡིན། ད་རེས་གོ་སྐབས་འདི་དང་བསྟུན་ནས་གནད་དོན་གལ་འགངས་ཆེ་བ་འགའ་ཞིག་ཞུ་རྒྱུར། ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་ཞབས་སོར་བཀའ་དྲིན་ཆེ་སྐབས་ཕྱི་ཟླ་ ༥ ཚེས་ ༩ ཉིན་སི་མི་ཐི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་གསུང་བཤད་བསྩལ་ཁོངས་བོད་ཀྱི་རྩ་དོན་ཐོག་ཐུགས་འགན་བཞེས་ཕྱོགས་ཐད། བོད་ཀྱི་ཆབ་སྲིད་འགོ་འཛིན་མང་མོས་འོས་བསྡུའི་ལམ་ནས་འདེམས་བསྐོའི་ལས་རིམ་ལག་ལེན་འགྲོ་བཞིན་པར་བརྟེན་ད་ཕན་ལོ་ངོ་དྲུག་ཙམ་རིང་སྐུ་ཉིད་ཕྱེད་བགྲེས་ཡོལ་གྱི་ངོ་བོར་གནས་ཤིང་། ད་ནས་ལོ་རེ་ཟུང་རྗེས་བགྲེས་ཡོལ་ཆ་ཚང་དུ་བཞུགས་འདུན་གྱི་བཀའ་སློབ་ཐོས་འཕྲལ་སྤྱི་འཐུས་རྒྱུན་ལས་པ་རྣམས་བློ་འཚབ་སེམས་ངལ་ཅི་ཆེའི་ཐོག ༧རྒྱལ་བའི་ལུང་གིས་བསྔགས་པ་ལྟར། བོད་ཁམས་འདི་བཞིན་འཕགས་མཆོག་འཇིག་རྟེན་མགོན་པོས་ཐུན་མོང་མ་ཡིན་པའི་འདུལ་ཞིང་དུ་བདག་གིར་བཞེས་ཏེ་གདུལ་བྱ་འདུལ་བྱེད་ཀྱི་འབྲེལ་ལམ་དམ་ཟབ་ཡོད་སྟབས་འཕགས་མཆོག་ཕྱག་ན་པད་མོའི་རྣམ་སྤྲུལ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་ཇི་སྲིད་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ་སྲིད་དུ་བོད་ཁམས་བདེ་ཞིང་བསྟན་སྲིད་ཕྲ་ཚུགས་གོང་འཕེལ་མདུན་བསྐྱོད་བྱུང་ཡོད་པ་དང་། དེང་སྐབས་བོད་ཀྱི་གནས་བབ་ནི་ཆགས་འཇིག་གི་སོ་མཚམས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་བའི་སྐབས་འདིར་བསྟན་སྲིད་མི་རིགས་རང་དབང་སླར་གསོའི་ལས་དོན་གང་ཅིར་གཞིས་བྱེེས་བོད་མི་ཡོངས་ནས་སྙིང་ནས་རེ་བཅོལ་དང་། མིག་འབུར་གཏད་ས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ལས་གཞན་དུ་མེད་པར་བརྟེན། བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ད་མུས་བཞིན་མུ་མཐུད་བསྐྱེད་བཞེས་ཡོང་བ་ཞེས་མང་གཙོའི་འགྲོ་ལུགས་ལྟར་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་སྤྱི་འཐུས་ལྷན་ཚོགསནས་གསོལ་བ་ཕུར་ཚུགས་ཀྱིས་མཚན་འཁོད་༧སྙན་ཞུ་སྐབས་འཕྲལ་ཕུལ་ཟིན་པ་དང་། ད་རེས་གོ་སྐབས་འདི་ཐོག་ནས་ཀྱང་གདུང་ཤུགས་དྲག་པོས་བསྐྱར་སྙན་གསལ་འདེབས་ཞུ་རྒྱུ་ལགས་ན་བཀའ་བཞེས་བཟང་པོ་སྤྱི་སྨིན་ཐུགས་རྗེ་ཆེ་བ་ལན་བརྒྱར་ཞུ་རྒྱུ་ཡིན།རྒྱ་ནག་དབུས་གཞུང་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཚོས་འདས་ལོའི་ལོ་དཀྱིལ་ཙམ་ནས་ད་བར་མུ་མཐུད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་བསྐུར་གྱིས་མཚན་སྨད་ཞུ་བ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་སྐབས་མཛད་དཀའ་བཟོ་ཐབས་ཀྱི་ལས་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་བོད་ནང་གནས་སྟངས་དམ་དྲག་ཆེ་རུ་བཏང་དང་གཏོང་མུས། བོད་རྒྱའི་འབྲེལ་མཐུད་ཚོགས་ཆུང་ཕེབས་ཐེངས་དྲུག་པ་ཟླ་གྲངས་ ༡༨ རིང་ནར་འགྱངས་བཀག་བསྐྱིལ་བྱས་མཐར་ཉེ་ལམ་ཕྱི་ཟླ་ ༦ པའི་ཟླ་མཇུག་མཚམས་ལས་ཕེབས་མ་ཐུབ་པ་བཅས་ལ་སྤྱི་འཐུས་ལྷན་ཚོགས་ངོས་ནས་བློ་ཕམ་ཚད་མེད་ཡོད་ཅིང་། འཛམ་གླིང་ནང་རྩོད་རྙོག་མཐའ་དག་ཕན་ཚུན་ཞི་མཐུན་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ལས་ཐབས་ལམ་བཟང་བ་གཞན་དུ་མ་མཆིས་པ་འདི་སྐོར་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་ཉམས་ལེན་གྱིས་ལག་བསྟར་གནང་ན་གཉིས་སྨན་ཁེ་ཕན་དུ་འགྱུར་རྒྱུ་ལས། དཀའ་རྙོག་སེལ་རྒྱུར་ཡུན་འགོར་གྱིས་སྐྲན་ནད་ལྟ་བུར་ལུས་ཚེ་རི་ལུག་པ་ཐག་པས་མི་འདུམ་ཞེས་པའི་དཔེ་ལྟར་འགྱུར་ཉེན་ལ་སོང་རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་ཞིབ་འཕྱུགས་མེད་གནང་གལ་ཤིན་ཏུ་ཆེ།

ང་ཚོ་བོད་རིགས་ནང་ཁུལ་མཐུན་འབྲེལ་རྡོག་རྩ་ཆིག་བསྒྲིལ་གྱིས་སྤྱི་དོན་ཆེ་སར་འབད་འབུངས་དགོས་ཀྱང་སྐབས་འགར་རང་རེའི་སྤྱི་ཚོགས་ནང་གཞི་མེད་དཀྲོག་གཏམ་གྱི་གནས་ཚུལ་ཐོན་སྐབས་མང་ཚོགས་ནས་བརྟག་དཔྱད་ཞིབ་འཇུག་ཇི་བཞིན་མ་གནང་བར་དཀྲུག་ཤིང་གི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་ནང་དོན་མེད་ལབ་གླེང་བཟོ་བའི་གནས་ཚུལ་ཆགས་བཞིན་འདུག་ན་འདི་འདྲའི་སྐབས་ཚང་མས་སྤྱང་གྲུང་འཛོམས་པོས་བརྟག་ཞིབ་དང་འབྲེལ་རང་ཚུགས་བརྟན་པོར་གནས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།གཞིས་བཞུགས་ཆོལ་གསུམ་བོད་མི་ཡོངས་ཀྱིས་ད་ཕན་ལོ་བཅུ་ཕྲག་ལྔ་ཙམ་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པར་དམ་ཚིག་ལ་རྒྱ་ལྷུན་པོ་ལྟར་བརྟན་བཟུང་ཐོག བོད་མིའི་བསྒྲུབ་བྱའི་རྩ་དོན་ཐོག་ལྷག་བསམ་སེམས་ཤུགས་གཡོ་མེད་གནས་པ་འདིས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྨང་གཞི་སྲོག་རྩ་ལྟ་བུར་ཕན་ཐོག་དགེ་མཚན་ཤིན་ཏུ་ཆེ་བ་བྱུང་དང་འབྱུང་བཞིན་པར་བརྟེན་ཁྱེད་རྣམས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་གཡོ་བ་མེད་པའི་ལྷག་བསམ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་ས་ཁུལ་ཉུང་ཤས་ནང་ཡུལ་གྱི་ས་ཆུ་རྩ་ཁ་སོགས་ནང་ཁུལ་གྱི་དོན་དག་ཕྲ་མོའི་ཆེད་རྙོག་གླེང་འཁྲུག་རྩོད་དང་ཞེ་འཁོན་སྡང་འཛིན་ཙམ་མ་ཟད་མི་གསོད་ཁྲག་སྱོར་གྱིས་ཕན་ཚུན་དགྲ་ཤ་སློག་རེས་ཀྱི་དོན་རྐྱེན་ཆགས་པའི་གནས་ཚུལ་རེ་ཟུང་གོ་ཐོས་ཡོང་འདུག་པ་ནི་བློ་ཕམ་གྱི་རང་བཞིན་ལ་བརྟེན་དཀའ་རྙོག་འདི་རིགས་ལ་ནང་ཁུལ་ཞི་མོལ་གྱི་ལམ་ནས་འགྲིག་འཇགས་ཡོང་ཐབས་ཐད་རྒྱ་ཆེ་གུ་ཡངས་ཀྱི་བསམ་ཞིབ་དགོས་པའི་གསལ་འདེབས་ཞུ་རྒྱུ་དང་། གཞིས་བྱེས་གཉིས་སུ་གནས་བཞུགས་ཡུལ་མི་དེ་རིགས་དང་འབྲེལ་ལྟོས་ཡོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དགེ་བའི་བཤེས་གཉེན་རྣམས་ནས་ཀྱང་བླང་དོར་བཀའ་སློབ་རྒྱུན་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།འདི་ལོ་༸གོང་ས་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་དགུང་སྐེག་དངོས་གཞིའི་སྐབས་འདིར་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་བགེགས་ཀྱི་མཚན་མ་ཐམས་ཅད་རྨེག་མེད་རང་སར་ཞི་ཞིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་ཆེད་བཀའ་སྤྱི་གཉིས་ལས་གྲུབ་པའི་གུང་སྐེག་ཞབས་རིམ་གོ་སྒྲིག་ཆེས་མཐོའི་ཚོགས་ཆུང་ཟུར་བཙུགས་ཀྱིས་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ་དང་། བླ་ལྷའི་ཐུགས་དམ་ཕྱིར་ཕེབས་དགོངས་དོན་ཞབས་རིམ་རྒྱ་ཆེ་གནད་སྨིན་འབད་བསྒྲུབ་ཞུས་དང་ཞུ་མུས་ལྟར་ཚོགས་ཆུང་གི་ལས་དོན་མུ་མཐུད་མཇུག་འཁྱོངས་ཞུ་རྒྱུ་ཡིན་ཞིང་། གཞིས་བྱེས་རྒྱ་ཆེ་མང་ཚོགས་ནས་ཀྱང་ཞབས་རིམ་ལ་སྨན་པར་དཀར་པོ་དགེ་བའི་ལས་ལ་འབད་པ་ལྷོད་མེད་གནང་རྒྱུ་དང་། ད་ལྟའི་ཛ་དྲག་གཉེན་འཕྲང་གི་གནས་སྐབས་དང་། ༸གོང་ས་མཆོག་གི་དགུང་སྐེག་གི་དུས་ཡུན་ནང་རང་རེའི་ཆོས་བརྒྱུད་ཁག་དང་། ཆོལ་གསུམ་ལུང་ཚན་ནང་ཁུལ་དུ་མི་མཐུན་པའི་འགལ་རྐྱེན་སྦྲང་སྐད་ཙམ་མེད་པར་མཐུན་ལམ་ཟོང་ཁ་ཆིག་སྒྲིལ་དར་དཀར་ཡུག་ཅིག་ངང་། ༸གོང་ས་མཆོག་གི་དུས་གསུམ་གསལ་གཟིགས་ཀྱིས་བླང་དོར་བཀའ་སློབ་བསྩལ་སྨིན་བྱུང་བ་རྣམས་ལ་ཉམས་ལེན་ཚུལ་བཞིན་བྱ་ཐབས་བྱུང་ན་༧རྒྱལ་བ་དགྱེས་པའི་མཆོདསྤྲིན་ཉག་ཅིག་ལ་སོང་འདི་དག་ནི་ནང་གི་ཞབས་རིམ་ཡིན་ལ་འཁྲུངས་སྐར་གྱི་འབུལ་མཚོན་ཡང་དེ་ལྷག་མེད་པས་དེ་ཐོག་ཚང་མས་འབད་འབུངས་ཆེ་བསྐྱེད་གནང་དགོས།

མཐའ་དོན་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ༢༠༠༧ ཟླ་ ༧ ཚེས་ ༦ ལ།།