ཟླ་བ་ ༦ ཚེས ༢༩ ༢༠༡༠

༄༅།། འོས་བསྡུ་ཆེན་མོའི་སྔོན་འགྲོ་དང་དངོས་གཞིའི་ཐོག་གལ་ཆེན་གསར་འགོད་གསལ་བསྒྲགས།

༡༽ བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་གཏན་འབེབས་ཟིན་པར་སྤྱི་འཐུས་སྐབས་ ༡༥ པ་རྣམས་དང་། བཀའ་བློན་ཁྲི་པ་སྐབས་ ༣ པའི་སྔོན་འགྲོའི་འོས་བསྡུ་ ༢༠༡༠ ཟླ་ ༡༠ པའི་ཚེས་ ༣ དང་། དངོས་གཞི་ ༢༠༡༡ ཟླ་ ༣ པའི་ཚེས་ ༢༠ བཅས་དུས་ཚོད་མཉམ་དུ་བྱ་རྒྱུ་གཏན་འབེབས་ཟིན་པར་མི་མང་ནས་འཐུས་ངེས་རྒྱབ་སྐྱོར་བྱེད་མཁན་དང་། མ་འགྲིག་པའི་བསམ་འཆར་འདོད་མཁན་ཡོང་རྒྱུ་ང་ཚོས་སྔོན་ནས་ཚོད་དཔག་བྱས་ཡོད། སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བ་སྔོན་འགྲོ་དང་དངོས་གཞིའི་དུས་ཚོད་ལ་སྐྱོན་བརྗོད་གནང་མཁན་ཚོས་གསལ་བསྒྲགས་འདིར་ངེས་པར་དུ་ཐུགས་གནང་ཡོང་རྒྱུ།

༢༽ སྔོན་འགྲོ་དང་དངོས་གཞིའི་གོང་གསལ་དུས་ཚོད་སོ་སོར་གཏན་འབེབས་མ་བྱས་གོང་ང་ཚོས་རྒྱུ་མཚན་མང་པོའི་ཐོག་བསམ་བཏང་དཔྱད་ཞིབ་བྱས་ཏེ་སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བའི་མི་མང་དགུན་ཚོང་དུ་འགྲོ་མཁན་རྣམས་དང་མཐོ་སློབ་ཁག་ལ་སྔོན་འགྲོའི་འོས་ཤོག་བླུག་རྒྱུའི་དཀའ་ངལ་མི་འཕྲད་པ་གཙོ་བཟུང་བྱས་ཡོད། འོས་ཤོག་བླུག་འདོད་ཡོད་པའི་གང་ཟག་རང་ཉིད་གཏན་སྡོད་བྱ་ཡུལ་གཞིས་ཆགས་སམ་རང་འཚོ་གང་ཡིན་པ་དེ་ནས་དགུན་ཚོང་དུ་མ་ཐོན་གོང་ས་གནས་དེར་ཡོད་གཞུང་འབྲེལ་ས་གནས་འོས་བསྡུ་ལས་ཁང་དུ་སོ་སོའི་མིང་གཞུང་དེབ་འགོད་བྱ་དགོས་པ་དང་། མིང་གཞུང་དེབ་འགོད་བྱས་པའི་ཨང་གྲངས་གང་ཡིན་པ་སོ་སོའི་དཔྱ་ཁྲལ་ལག་དེབ་ཐོག་འཁོད་དགོས་པ། དེ་བཞིན་ས་གནས་འོས་བསྡུ་ལས་ཁང་གི་ཐམ་ཁ་དང་ས་གནས་འོས་བསྡུའི་འགན་འཛིན་གྱི་མིང་རྟགས་བཅས་ངེས་པར་དུ་ལག་དེབ་ཐོག་འཁོད་དགོས། དོན་ཚན་འདི་གསུམ་འཁོད་པའི་རང་ཉིད་ཀྱི་དཔྱ་ཁྲལ་ལག་དེབ་དེ་བཞིན་སོ་སོ་དགུན་ཚོང་དང་མཐོ་སློབ་ཏུ་འགྲོ་སྐབས་ངེས་པར་དུ་མཉམ་ཁྱེར་དགོས་པ། དགུན་ཚོང་དང་མཐོ་སློབ་ཏུ་འགྲོ་ས་དེར་འོས་འཕེན་པའི་ཆ་རྐྱེན་ཚང་བའི་བོད་མི་ ༥༠ ལས་མང་བ་ཡོད་ན་ས་གནས་དེར་སྔོན་འགྲོའི་འོས་ཤོག་བླུག་ཆོག་པའི་འཕྲལ་སེལ་མཐུན་རྐྱེན་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་བཀོད་སྒྲིག་བྱ་འཐུས།

༣༽ བོད་མི་དགུན་ཚོང་དང་མཐོ་སློབ་ཏུ་འདུ་འཛོམས་ཆེ་སར་འོས་འདེམས་བྱས་པའི་སྒྲིག་འཛུགས་དང་རྒྱུན་ལས་ཡོད་པར་འོས་ཤོག་བླུག་འདོད་ཡོད་ལ་འོས་འཕེན་པའི་ཆ་རྐྱེན་ཚང་བའི་བོད་མི་རྣམས་ནས་ས་གནས་སོ་སོའི་སྒྲིག་འཛུགས་ཀྱི་ཚོགས་གཙོར་འབྲེལ་བ་བྱས་ཏེ་སོ་སོའི་ཁྱབ་ཁོངས་སུ་སྔོན་འགྲོའི་འོས་ཤོག་བླུག་འདོད་ཡོད་པའི་བོད་མི་རྣམས་ཀྱི་མིང་ཐོ་སྤྱི་ཁྱབ་འོས་བསྡུ་ལས་ཁང་དུ་ ༢༠༡༠ ཟླ་ ༩ ཚེས་༡ ནས་མ་འགྱངས་པ་འབུལ་གཏོང་དགོས་པ་འགྲེལ་བརྗོད་བྱ་དགོས། འདི་ནས་ཀྱང་ཁུངས་སོ་སོར་འབྲེལ་བ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན།

༤༽ ས་གནས་སོ་སོ་ནས་མིང་ཐོ་འབྱོར་རིམ་ལ་གཞིགས་པའི་སྔོན་འགྲོའི་འོས་ཤོག་དང་མི་འགྲོ་ཆེད་གཏོང་བྱས་ཏེ་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་ལ་སྔོན་འགྲོའི་འོས་ཤོག་བླུག་ཆོག་པ་བཀོད་སྒྲིག་བྱ་འཐུས། དངོས་གཞིའི་འོས་བསྡུ་དེ་བཞིན་ ༢༠༡༡ གི་ལོ་གསར་རྗེས་བདུན་གཉིས་ཙམ་གྱི་རྗེས་ཡིན་པར་སོ་སོ་གཏན་སྡོད་བྱེད་ས་དེར་དངོས་གཞིའི་འོས་ཤོག་བླུག་རྒྱུར་དཀའ་ངལ་མི་འཕྲད།

༥༽ སྔོན་འགྲོའི་འོས་བསྡུ་གོང་གསལ་དུས་ཚོད་གཏན་འབེབས་བྱས་པའི་དུས་ཚོད་ནང་སོ་སོའི་མིང་གཞུང་དེབ་འགོད་བྱ་མ་ཐུབ་མཁན་རྣམས་སྔོན་འགྲོའི་འོས་ཤོག་བླུག་རྒྱུའི་གོ་སྐབས་བྱུང་མེད་ཀྱང་སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་ལ་དངོས་གཞི་འོས་བསྡུ་ཉིན་དེབ་འགོད་དང་འོས་ཤོག་བླུག་རྒྱུའི་གོ་སྐབས་ཆབས་ཅིག་ཏུ་ཐོབ་རྒྱུ་སྤྱི་འཐུས་ལྷན་ཚོགས་སུ་ཞུས་ཟིན་པར་དགོངས་བཞེས་ཆོག་མཆན་ཐོབ་རེ་ཡོད།

༦༽ སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་དེབ་འགོད་བྱེད་ཕྱོགས་སྐོར་ས་གནས་འོས་བསྡུ་འགན་འཛིན་སོ་སོར་ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ཚེས་ ༡༥ དང་། ཟླ་ ༦ པའི་ཚེས་ ༤ དང་། ཚེས་ ༡༡ ཚེས་ ༢༡ བཅས་ལ་བཀའ་ཁྱབ་བཏང་ཟིན་པར་སླར་ཡང་གསལ་བཤད་བྱ་རྒྱུ་ཞིག་ལ། ས་གནས་ཁག་སོ་སོ་ནས་དེབ་འགོད་བྱ་ཕྱོགས་ཐོག་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཁ་ཤས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ལ་རིམ་པར་འབྱོར་བ་ན། ས་གནས་འོས་བསྡུ་འགན་འཛིན་སོ་སོ་ནས་དེབ་འགོད་བྱ་རྒྱུ་དེ་བཞིན་གལ་ཆེན་ཡིན་པར་བརྩི་འཇོག་གིས་དེབ་འགོད་བྱ་རྒྱུ་དེ་འོས་བསྡུའི་སྒྲིག་གཞི་ནང་གསལ་ལྟར་ངེས་པར་དུ་ལག་ལེན་བསྟར་དགོས་པ་འོས་བསྡུ་ཆེན་མོ་འདི་བཞིན་གཞིས་བྱེས་བོད་མིའི་རྩ་དོན་དམིགས་ཡུལ་སྒྲུབ་ཐབས་ཀྱི་ལས་འགུལ་གལ་གནད་ཆེ་གྲས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན་སྟབས་རྒྱ་ཆེ་མང་ཚོགས་ངོས་ནས་དྲང་པོ་དང་། རང་དབང་། གསང་བ་བཅས་ཀྱི་ཐོག་ནས་འོས་འཕེན་པའི་ལས་འགན་འཐུས་ཚང་འགྲུབ་ཐུབ་པ་ངེས་པར་དགོས་གལ་ཆེ་བ་དགོངས་འཇགས་ཞུ། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༩ ལ།

Share with your friends










Submit