ཟླ་བ་ ༦ ཚེས ༡༡ ༢༠༡༠

༄༅། །མཚུངས་མེད་ས་གནས་འོས་བསྡུ་འགན་འཛིན་གང་དེར།

ཆེད་ཞུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་འགོ་

ཚུགས་པའི་སྐོར་བཀོད་ཁྱབ་སྔོན་དུ་སོང་དོན། ད་ཆ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་མི་མང་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་མིང་གཞུང་དེབ་འགོད་བྱེད་དགོས་པར་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པ་དང་། དོན་ཚན་ ༡༧ པའི་ནང་གསེས་ ༣ པ། དོན་ཚན་ ༢༡ གི་ནང་གསེས་ ༡ པོ་ནས་ ༣ པ་བར་གྱི་བརྗོད་དོན་འགལ་མེད་ཆོལ་ཁ་དང་ཆོས་ལུགས་ཁ་གསལ་དབྱེ་འབྱེད་ཀྱི་མིང་གཞུང་མ་དེབ་གཏན་འབེབས་ཟིན་པ་ཡོད་ཚེ་དེ་དག་ལ་སྣོན་འཕྲི་དག་བཤེར་བྱ་རྒྱུ་འམ། མིང་གཞུང་དེབ་འགོད་ལས་གཞི་གསར་དུ་བྱ་དགོས་པ་ཡོད་ན་དེ་བཞིན་ལག་ལེན་འཕྲལ་དུ་བསྟར་དགོས།

ད་ཆ་སྤྱི་འཐུས་སྐབས་ ༡༥ པ་རྣམས་དང་། བཀའ་ཁྲི་སྐབས་ ༣ པའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཉིན་གཅིག་ལ་བྱ་རྒྱུ་གཏན་འཁེལ་པར་སོང་སྔོན་དུ་བཀོད་ཁྱབ་སོང་བའི་མིང་གཞུང་དེབ་འགོད་ལས་གཞི་མཇུག་བསྒྲིལ་དགོས་པའི་དུས་ཚེས་ལ་འགྱུར་བ་བཏང་སྟེ་ས་གནས་སོ་སོར་མིང་གཞུང་དེབ་འགོད་ཀྱི་ལས་གཞི་སྒྲིག་གཞིའི་དགོངས་དོན་ ༢༠༡༠ ཟླ་ ༨ པའི་ཚེས་ ༡༨ ནང་ཚུན་མཇུག་བསྒྲིལ་ཐུབ་པ་ངེས་གནང་གིས་ཟླ་ ༨ པའི་ཚེས་ ༢༥ འགྱངས་མེད་དེབ་འགོད་ཟིན་པའི་མིང་གཞུང་དཔར་བཤུས་ཆ་ཚང་སྤྱི་ཁྱབ་འོས་བསྡུ་ལས་ཁང་དུ་ངེས་འབྱོར་ཡོང་བ་གཏོང་དགོས།

དེབ་འགོད་ཀྱི་ལས་དོན་དུས་བཀག་རྒྱས་སྤྱད་ནང་ལེགས་འགྲུབ་ཡོང་ཐབས་སུ་དེབ་འགོད་འགན་འཛིན་སོགས་འབྲེལ་ཡོད་ལས་བྱེད་རྣམས་ས་ཕྱོགས་ཆ་བགོས་ཀྱིས་མི་མང་འདུ་འཛོམས་ཆེ་ཁག་སོ་སོར་ཆེད་གཏོང་གནང་སྟེ་དེབ་འགོད་ལས་དོན་དུས་ཚོད་གཏན་འབེབས་ནང་ལེགས་འགྲུབ་དགོས་པ་དེ་དོན་དགོངས་འཇགས་ཞུ། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༦ ཚེས་ ༡༡ ལ།།

Share with your friends










Submit