ཟླ་བ་ ༦ ཚེས ༢༥ ༢༠༡༠

༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དགོས་པ་དང་། དོན་གྱི་སླད་དུ་མཚན་དངོས་ནས་ོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཁྲུངས་ཏེ་དགུང་གྲངས་དྲུག་ཅུ་རེ་བདུན་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་དུ་འཕགས་པའི་དགའ་སྟོན་གྱི་ཉིན་མོ་འདིར་ངས་བོད་གཞུང་བཀའ་ཤག་གི་སྐུ་ཚབ་ཞུས་ཏེ་རྒྱ་ཆེའི་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོའི་ངང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་གི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིའི་ནང་གི་དབུ་འཁྲིད་གཞན་དང་མི་འདྲ་བར་༧སྐུ་ན་ཤིན་ཏུ་ཕྲ་བ་དགུང་གྲངས་བཅུ་དྲུག་གི་ཐོག་ཆོས་ཀྱི་གསན་སྦྱོང་གནང་མུས་ཐོག་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་གནས་སྟངས་སྐྱེ་བོ་ཕལ་པས་འགན་བློས་མི་བཟོད་པའི་ཆེས་ཛ་དྲག་གི་དུས་སྐབས་སུ་སྔོན་གྱི་ཐུགས་བསྐྱེད་ཟབ་མོས་བག་ཚ་བ་དང་། ཞུམ་པ་མེད་པར་ མེ་ནང་སྐལ་པ་རྒྱ་མཚོར་གནས་དགོས་ཀྱང་། སྙིང་རྗེས་མི་སྐྱེ་ ཞེས་གསུངས་པ་བཞིན་ཆོས་སྲིད་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ཏེ་བོད་མི་ས་ཡ་དྲུག་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་བདེ་ཐབས་སུ་བོད་ནང་གང་ཅིའི་ཐོག་འགྱུར་བཅོས་གནང་རྒྱུའི་དགོངས་བཞེད་ཀྱིས་ཁྲལ་དང་། རྫོང་། སྒེར་གཞིས། བུན་ལོན་སྒྲུབ་འཇལ་ཐོག་བཅས་ནས་མང་ཚོགས་ལ་དཀའ་ངལ་ཤུགས་ཆེ་འཕྲད་ཀྱི་ཡོད་སྟབས་དེ་དག་ལ་ལེགས་བཅོས་འགྱུར་བཀོད་དང་།བོད་ནང་ཕྱིའི་བཙན་འཛུལ་བྱེད་མཁན་སུ་ཡང་མེད་ཀྱང་། ༡༩༤༩ ལོར་བོད་ཤར་ཕྱོགས་ནས་རྒྱ་མིའི་བཙན་འཛུལ་བྱེད་འགོ་བཙུགས་ཏེ་བོད་ལ་ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་གྱིས་བཅིང་ཡོད་པ་ནས་དཀྲོལ་སླད་བཅིང་དཀྲོལ་དམག་མི་བོད་ནང་བཏང་བ་དང་། བཅིང་དཀྲོལ་ལས་དོན་ཟིན་མཚམས་བཅིང་དཀྲོལ་དམག་མི་བོད་ནས་ཕྱིར་ལོག་བྱེད་རྒྱུ་ཡིན་ལུགས་བཤད་ཡོད་ཀྱང་དེ་ལས་ལྡོག་སྟེ་རྒྱ་མིའི་དབང་དུ་བསྡུ་རྒྱུའི་ངན་འཆར་དྲག་པོའི་དཔུང་དམག་བོད་ནང་ལྷགས་འབྱོར་བྱུང་སྟེ་དུས་ད་ལྟའང་རྒྱ་མིའི་བཅིང་དཀྲོལ་དམག་མི་གཙོས་བོད་མིའི་མི་འབོར་ལས་རྒྱ་མིའི་མི་འབོར་མང་བ་བོད་ནང་གནས་སྡོད་བྱེད་བཞིན་པ་རེད། སྐབས་དེར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ནང་མ་གྲགས་པའི་དངངས་ཚབས་ཛ་དྲག་ཆེ་བའི་གནས་ཚུལ་ཧ་ཅང་ཚབས་ཆེ་བྱུང་ནའང་༸གོང་ས་ཆེན་པོའི་ཟབ་ཅིང་དཀྱེལ་ཆེའི་མཛད་བྱུས་ལ་བརྟེན་པས་ལན་དགུ་ཆད་མཐུད་དཔེ་ལྟར་རྒྱ་མིར་ཞི་འགྲིགས་ཡོང་ཐབས་སུ་མེས་ཚིག་མེར་གཏུགས་ཀྱི་བཀའ་མོལ་དང་འབྲེལ་བ་རིམ་བསྟུད་གནང་ཡོད་ཅིང་།

རྒྱ་གར་དུ་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་བོད་ཀྱི་བསྟན་སྲིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་གནང་རྒྱུར་གཙོ་ཆེ་བོད་མིར་ཕྱི་ནང་ཤེས་ཡོན་ཚད་ལྡན་གནང་རྒྱུ་གནད་ཀྱི་སྙིང་པོར་གཟིགས་ཏེ་རྒྱ་གར་གཞུང་ལ་བཀའ་མོལ་གནང་སྟེ་བོད་མི་གནས་ཡུལ་ས་ཁུལ་ཡོངས་རྫོགས་ནང་གཏན་ཉིན་སློབ་གྲྭ་ཆེད་བཙུགས་ཀྱིས་དུས་ད་ལྟའང་རྒྱ་གར་གཞུང་གིས་བོད་མིའི་ཤེས་ཡོན་ཐོག་ལོ་ལྟར་འགྲོ་སོང་ཁྱོན་ཆེ་གནང་དང་གནང་མུས་སུ་ཡོད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡི་གེ་བྲིས་ཀློག་མ་ཤེས་མཁན་མེད་པ་ལྟ་བུ་ཆགས་ཡོད། བོད་ནང་རྒྱ་མིས་བོད་མིར་ཤེས་ཡོན་གོ་སྐབས་ཚུལ་བཞིན་སྤྲོད་ཀྱི་མེད་སྟབས་ལོ་ལྟར་བོད་ནས་སྤྱིར་བཏང་སློབ་སྦྱོང་དང་ནང་ཆོས་སློབ་གཉེར་ཆེད་ལོ་ལྟར་ཕྲུ་གུ་དང་ན་གཞོན་མང་པོ་བྲོས་བྱོལ་དུ་འབྱོར་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། རང་རིགས་གཞོན་སྐྱེས་རྣམས་པས་ཕྱི་ནང་གི་སློབ་སྦྱོང་གང་དང་གང་བྱེད་ཀྱང་མཐར་ཕྱིན་པ་དང་། རང་རེའི་འཕྲལ་ཕུགས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་སློབ་ཚན་བྱེ་བྲག་པའི་ཐོག་ཕུད་དུ་ཕྱིན་པའི་ཁྱད་མཁས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འདིའི་ཐོག་སློབ་གྲྭའི་དགེ་ལས་དང་། ཕ་མ། ཕྲུ་གུ་བཅས་ཀྱིས་ཐུགས་སྣང་ཆེན་པོ་གནང་གལ། ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ཆབས་ཅིག་ཡ་རབས་སྤྱོད་བཟང་གི་ཀུན་སྤྱོད་ཀྱང་བཟང་མཐོར་གཏོང་རྒྱུ་ནི་དེང་སྐབས་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཆགས་ཡོད། འཛམ་གླིང་ཡུལ་གྲུ་གང་སར་ཉམ་ཐག་གི་དཀའ་ངལ་ཆེན་པོ་འཕྲད་མུས་ཡོད་པ་བཞིན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ནང་ལའང་དེའི་དཀའ་ངལ་འཕྲད་མུས་རེད། ལྷག་དོན་སློབ་གྲྭའི་ནང་ལའང་འདིའི་དཀའ་ངལ་སླེབས་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པ་སློབ་གྲྭའི་དབུ་འཛིན་རྣམས་པས་གནས་ཚུལ་ཆུང་དུས་ཐུགས་སྣང་དང་འབྲེལ་དམ་བཙུན་གནང་མ་ཐུབ་ན་ཕྲུ་གུའི་ཤེས་ཡོན་ལྟ་ཞོག་མི་ཚེ་འཕྲོ་བརླག་འགྲོ་གཞིར་བརྟེན་ངེས་པར་དུ་ཟབ་གྲུང་གནང་དགོས་ཀྱི་བོད་སྐུལ་ནན་པོ་ཞུ་གི་ཡོད།

རྒྱ་གར་དང་། བལ་ཡུལ། འབྲུག སུད་སི། ཀཌྷཌ། ཨ་རི་སོགས་སུ་བཙན་བྱོལ་བོད་མི་གང་འཚམས་ ཤིག ༡༩༥༩ ཙམ་ནས་གནས་སྡོད་བྱེད་མུས་ཀྱང་རྒྱལ་ཁབ་སོ་སོའི་གཞུང་དང་མི་མང་གཉིས་ཀའི་ཐོག་གཟིགས་རྟོགས་དང་མཐུན་འགྱུར་རོགས་ཕན་གང་ལེགས་གནང་བ་ལ་བརྟེན་པའི་བོད་མི་རྣམས་སྐྱབས་བཅོལ་གཞན་དང་མི་འདྲ་བར་གཟེངས་ཐོན་པ་ཆགས་པ་འདི་ནི་གཙོ་ཆེ་༸གོང་ས་མཆོག་གི་དགོངས་གཞི་མཛད་འཕྲིན་རྒྱས་པ་དང་། བོད་མི་རང་སོ་སོའི་ངོས་ནས་ས་གནས་ཀྱི་ཡུལ་ཁྲིམས་ལ་སྲུང་བརྩི་དང་གནས་ཡུལ་གཞུང་མང་ལ་མཐུན་སྒྲིལ་བསྟུན་མཁས་གནང་བ་ལ་བརྟེན་ནས་བྱུང་ཡོད། སླད་ནས་ཀྱང་བོད་མིའི་གནད་དོན་འདི་གཙང་མ་ཐག་ཆོད་མ་བྱུང་བརབཙན་བྱོལ་དུ་གནས་དགོས་ཡོང་རྒྱུར་བརྟེན་བོད་མི་ཚང་མས་ས་གནས་གཞུང་གི་ཡུལ་ཁྲིམས་དང་མ་འགལ་བ་དང་བོད་མི་དང་ཡུལ་མིའི་དབར་མཐུན་སྒྲིལ་གང་ཟབ་གནང་རྒྱུ་ཤིན་ཏུ་ནས་གལ་གནད་ཆེ་བས་མང་ཚོགས་ཀྱིས་ཐུགས་སྣང་ཆེན་པོ་གནང་དགོས་པར་མ་ཟད། ས་གནས་འགོ་འཛིན་དང་སྒྲིག་འཛུགས་སྡེ་ཚན་སོ་སོས་ཁྱབ་ཁོངས་མང་ཚོགས་ལ་ཡང་ནས་ཡང་དུ་ལམ་སྟོན་གནང་དགོས་གལ་ཆེ།

རྒྱ་མིའི་ངོས་ནས་བོད་མི་བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་འདི་འཐོར་གཞིགས་དང་། ཁ་འཐོར་དུ་འགྲོ་ཐབས་སུ་ཆ་རྐྱེན་སོགས་གང་ཡང་མེད་པར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བོད་ནང་རང་འགར་ལོག་རེས་ཆར་ཅན་བཤད་པ་ལྟར་ལོ་འདིར་ཡང་བོད་མི་རྣམས་བོད་ནང་ལོག་ན་དགའ་བསུ་ཡོད་པ་ས་མཚམས་ནས་བསུ་ལེན་ གྱིས་མཚོན་མཐུན་འགྱུར་སོགས་ཟབ་རྒྱས་ཞུ་ལུགས་ཁྱབ་བསྒྲགས་བྱས་ཀྱང་བོད་མིའི་ངོས་ནས་རྒྱ་མིའི་ཐོག་ནས་ཁ་ཞེན་མ་མཚུངས་པའི་སྤྱོད་ཚུལ་འཛེམས་ཟོན་དང་ངོ་ཚ་སྤངས་ཏེ་སྡིག་པ་མིག་འཛུམ་གྱིས་ལས་ཐབས་བྱས་དང་བྱེད་བཞིན་པ་སོ་སོའི་མི་ཐོག་མྱོང་འཚོར་བྱུང་བའི་ཐོག་ནས་དེར་རེ་དྭོགས་མ་གནང་བར་རང་ཚུགས་ བརྟན་པོ་གནང་སྟེ་བཞུགས་པ་ནི་རྒྱ་མིའི་སྲིད་བྱུས་དང་བྱེད་སྟངས་གསལ་པོ་རྟོགས་ཀྱི་ཡོད་པ་གསལ་པོ་ཆགས་པ་ཞིག་རེད། རྒྱ་ནག་ནང་དཔལ་འབྱོར་ཐོག་འགྱུར་བ་འགྲོ་བ་ལྟར་བོད་ནང་ལའང་དེང་སྐབས་དཔལ་འབྱོར་སྲིད་བྱུས་ཕྲན་བུའི་གུ་ཡང་བྱུང་དབང་གིས་བོད་མིའི་འཚོ་རྟེན་གནས་བབས་དང་འཛུགས་བསྐྲུན་དང་ཤེས་ཡོན་སློབ་གསོ་སོགས་ཡར་རྒྱས་ཆེན་པོ་གཏོང་སྐོར་ཤོད་ཀྱི་ཡོད་ཀྱང་། བོད་མིའི་ངོ་བོ་མཚོན་བྱེད་ནང་པ་སངས་རྒྱས་པའི་ཆོས་དང་སྐད་ཡིག་གནའ་རབས་ནས་མཆེད་པའི་རྩ་ཆེའི་རིག་གཞང་། གོམས་གཤིས་བཟང་པོ་རྣམས་རྒྱ་མིའི་ངོས་ནས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཟོས་བཞིན་ཁར། བོད་མི་རྣམས་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་པ། བོད་ནང་གི་རིན་ཐང་བྲལ་བའི་རིན་ཆེན་གཏེར་དངོས་གྲངས་ལས་འདས་པ་སྔོགས་འདོན་གྱིས་རྒྱ་ནག་ལ་འོར་འདྲེན་བྱེད་དེ་བོད་ལུང་པ་དབུལ་པོ་བཟོ་བཞིན་པ་ཡིན་པ་ཡོངས་བསྒྲགས་རེད།

རྒྱ་མིས་བོད་ནང་རྒྱ་སྒོར་དུང་ཕྱུར་མང་པོའི་ཡར་རྒྱས་བཏང་སྐོར་ཁྱབ་བསྒྲགས་ཡང་ནས་ཡང་དུ་བྱེད་བཞིན་ཡོད་རུང་དོན་དངོས་ལ་དེ་ལས་མང་བ་བོད་ནས་རྒྱ་ནག་ཏུ་འོར་འདྲེན་བྱེད་བཞིན་པ་རེད། དེའི་ཐོག་རྒྱ་ནག་ནས་བོད་ནང་རྒྱ་མི་སྤོ་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་ནས་རྒྱ་ནག་ཏུ་བོད་མིའི་རིན་ཆེན་གཏེར་དངོས་རྣམས་འོར་འདྲེན་རླབས་ཆེ་བ་དང་སྟབས་བདེ་ཡོང་རྒྱུར་གོལ་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་བྱེད་འཆར་ཡོད་མུས་རེད། ཕྱོགས་གཅིག་ནས་རྒྱ་མིའི་ངོས་ནས་བོད་མི་རིགས་དང་རྒྱལ་ཁབ་ལ་མནར་གཅོད་ཐུབ་ཚོད། བཤུ་ཞོགས་ཚད་ལས་བརྒལ་བ་གཏོང་བ། བོད་ས་ཁུལ་གང་སར་རྒྱ་མིས་ཁེངས་ཏེ་གནས་སྟངས་གང་ཐད་ནས་ཡང་ངའི་གནས་སུ་གྱར་ཡོད་ཀྱང་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་འཛམ་གླིང་ཡུལ་གྲུ་ཁག་གི་གཞི་རིམ་མང་ཚོགས་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས། རིག་གནས་ལ་མཁས་སྙན། གཞུང་གི་དཔོན་རིགས། རྒྱལ་སྤྱིའི་སྒྲིག་འཛུགས་སོགས་ལ་འགྲེལ་བརྗོད་ཐོག་རྒྱ་མི་དང་བོད་མི་གཉིས་ཀར་ད་ལྟ་དང་མ་འོངས་ཕྱོགས་གཉིས་སུ་ཕན་པའི་མཛད་བྱུས་དབུ་མའི་ལམ་ཐོག་ནས་བོད་མིའི་གནད་དོན་འདི་འཚེ་མེད་ཞི་བའི་ལམ་ནས་འགྲིགས་ཐབས་གནང་རྒྱུར་འཆར་གཞི་དང་ལྡན་པའི་ཐོག་ནས་ཐག་གཅོད་གནང་རྒྱུར་འཆར་གཞི་འདོན་གནང་མཛད་པ་དེར་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་གིས་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་བ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་དབུ་མའི་འཆར་གཞིར་རྒྱབ་སྐྱོར་དང་འབྲེལ་དེ་ཐོག་ནས་རྒྱ་མིའི་ངོས་ནས་༸གོང་ས་མཆོག་གམ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་བཀའ་མོལ་གནང་དགོས་རྒྱ་ནག་ལ་གནོན་ཤུགས་ཕྱོགས་བཞི་ནས་སྤྲོད་བཞིན་ཡོད།

རང་རིགས་བོད་མི་ཡོངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་ལམ་སྟོན་བཀྲིན་ཆེ་བ་ལྟར་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་རང་རང་འཁོས་དཔགས་ལ་གཞིགས་པའི་ལས་འགུལ་གང་ཐུབ་གནང་དགོས་ཧ་ཅང་གལ་ཆེ་བ་དེ་ཐོག་ཚང་མས་ཐུགས་འཁུར་ཆེ་བསྐྱེད་ཡོང་བའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག་མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།

བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༦ ལ།།