ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །འཛམ་གླིང་རྒྱལ་ཁབ་ཁག་གི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་རྒྱལ་རབས་དེབ་ཐེར་ཁག་བཀླགས་ཚེ་རང་དབང་སྒེར་ལངས་ཀྱི་ལས་འགུལ་ནང་མི་གསོད་ཁྲག་སྱོར་གྱིས་ཡོངས་སུ་ཁེངས་ཤིང་། མི་ཐོག་རིམ་བརྒྱུད་ཀྱིས་དཀའ་ངལ་གདོང་ལེན་བློས་བཏང་མཐའ་སྐྱེལ་བྱ་དགོས་བྱུང་རུང་། རང་རེའི་མང་གཙོའི་བྱུང་རིམ་ལ་གཞིགས་ན་༸གོང་ས་ཆེན་པོས་འཕྲལ་ཕུགས་དགོངས་བཞེས་བླ་མེད་ཀྱིས་གནང་སྱིན་ལྟ་བུར་བདེ་བླག་ཏུ་གསོལ་རས་བཀྲིན་བསྐྱངས་པར་སོང་མང་གཙོའི་གནད་དོན་རིན་ཐང་མ་ཤེས་པའི་སྐྱོན་ཆ་ཡང་ཡོང་སྲིད་ཅིང་། དེས་ན་མང་གཙོའི་ལམ་སྲོལ་སྤྱི་དང་། བྱེ་བྲག་རང་རེའི་མང་གཙོའི་འགྲོ་ལུགས་སྐོར་གོ་རྟོགས་གོང་འཕེལ་ཡོང་ཐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཆེ་ཆུང་གྲངས་ཉི་ཤུ་སྐོར་གཏན་འབེབས་ཡོད་པ་རྣམས་ལ་རྒྱུན་དུ་མང་ཚོགས་ཀྱིས་སློབ་སྦྱོང་དོན་གཉེར་ཐོག་གཞུང་གི་ལས་དོན་བྱེད་སྒོ་མཐའ་དག་ཁྲིམས་མཐུན་ཡོད་མེད་རྟོག་ཞིབ་བྱ་ར་དང་འབྲེལ་དགེ་འདོན་སྐྱོན་སེལ་ཐུབ་པའི་འཁུར་སེམས་ཆེ་བསྐྱེད་གནང་དགོས།

ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༥ ཉིན་ཡུ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་བཞི་ཅན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་བཞག་ཡོད་ཅིང་། དེ་འབྲེལ་གྲོས་ཆོད་དོན་ཚན་གཉིས་པའི་ཐོག་བསྐྱར་སྣོན་གྱི་གྲོས་ཆོད་གལ་ཆེ་ཞིག་བཞག་སྟེ། ཡུ་རོབ་སྤྱི་མཐུན་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གཟིགས་སྐྱོང་འོག་བར་འདུམ་གྱི་གྲོས་མོལ་གནང་བ་བརྒྱུད་ལོ་གསུམ་ནང་ཚུད་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་གཞུང་དབར་བོད་ལ་གནས་བབ་གསར་པ་ཞིག་ཡོང་ཐབས་ཐད་གྲོས་མཐུན་མ་བྱུང་བ་ཡིན་ན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་སྲིད་གཞུང་ཁག་ནས་བཙན་བྱོལ་བོད་གཞུང་དེ་བོད་ཀྱི་སྐུ་ཚབ་ངོ་མ་ཡིན་པ་དོན་དམ་གྱི་དགོངས་བཞེས་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་འཁོད་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནད་ཡོད་མི་སྣ་ ངས་ ༣༠ སྐོར་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་རང་གཞུང་གི་སྐུ་མགྲོན་ཆེད་ཁ་སྔོན་ཕྱི་ཟླ་ ༧ པའི་ནང་བཞུགས་སྒར་དུ་ཕེབས་ཏེ་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་། བཙན་བྱོལ་བོད་མིའི་སྤྱི་བྱེའི་གནས་སྟངས་རྟོག་ཞིབ་ཐོག ༸གོང་ས་མཆོག་ལ་མཇལ་བཅར་གྱིས་ཡུ་རོབ་གྲོས་ཚོགས་སུ་ཆིབས་སྒྱུར་ཡོང་བའི་གཞུང་འབྲེལ་གདན་ཞུའི་ཕྱག་བྲིས་ཕུལ་བ་བཞིན་ཕྱི་ཟླ་ ༡༠ པའི་ནང་ཕ་རན་སིའི་གྲོང་ཁྱེར་སི་ཊ་སི་སྦག་ཏུ་རྒྱལ་ཁབ་བཅོ་ལྔའི་འཐུས་མི་གྲངས་ ༦༢༦ ཞུགས་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་རྒྱས་འཛོམས་སར་བཀའ་སློབ་གསུང་བཤད་སྩལ་རྒྱུ་བཅས་ཡིན་འདུག་ཅིང་། འདི་ནི་ ཡུ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་དོན་དམ་ཐུགས་འཁུར་ཇི་ལྟར་གནང་གི་ཡོད་པའི་རང་རྟགས་གསལ་མངོན་དང་། འདིའི་རྐྱེན་པས་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་གཙོས་འབྲེལ་ཡོད་རྣམས་ལ་སྐུལ་མ་ཐེབས་རྒྱུར་ཕན་ཐོགས་ཡོང་ངེས་གདོན་མི་ཟ་བས་གོང་གསལ་འབྲེལ་ཡོད་ཚོགས་མི་རྣམས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ།

ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་བོད་དབར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཞག་པ་ནས་བཟུང་བོད་ཞི་བས་བཅིངས་གྲོལ་བཏང་ཚུལ་གྱིས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་རྟེན་འབྲེལ་མཛད་སྒོར་རྒྱ་དམར་གཞུང་གི་སྲིད་འཛིན་གཞོན་པ་སོགས་ཞི་དྲག་འགོ་ཁྲིད་ལྔ་བཅུ་སྐོར་བོད་ནང་སླེབས་འབྱོར་བྱུང་བ་དང་། བོད་ཀྱི་ལས་དོན་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་ཚུགས་ཏེ་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་འཆར་བཀོད་བྱས་ཚུལ་སོགས་འུད་སྒྲོག་ཁྱབ་སྤེལ་བྱེད་པ་ནི་འཛམ་གླིང་མི་མང་རྣམས་མགོ་བོ་རྨོངས་སུ་འཇུག་ཐབས་ཀྱི་འཁྲབ་སྟོན་ཞིག་ཡིན་པར་མ་ཟད། བོད་བསྐྱོད་མེ་འཁོར་ལྕགས་ལམ་ལས་གཞི་བྲེལ་འཚུབ་ངང་འགོ་འཛུགས་ལག་བསྟར་བྱེད་བཞིན་པ་ནི་རྒྱ་ནག་པེ་ཅིང་གཞུང་གིས་བོད་ལ་ཐད་ཀར་དབང་སྒྱུར་སྔར་ལྷག་བྱ་རྒྱུར་ཕུགས་ངན་གྱི་ཐབས་ལམ་གསར་པ་ཞིག་ཡིན་པ་ལས། བོད་དང་བོད་མིར་དོན་ཕན་ངོམ་སྟོན་བྱ་འོས་ཤིག་གང་ཡང་མིན། ལར་ནས་དོན་ཚན་ ༡༧ དེ་བཞིན་རྒྱ་དམར་གྱི་དྲག་གནོན་བཙན་དབང་འོག་ཏུ་བཞག་ཁར། གྲོས་མཐུན་གྱི་དོན་ཚན་མང་པོར་རྒྱ་དམར་རང་ནས་བརྡལ་བཤིག་བཙན་འགལ་བྱས་ཡོད་སྟབས་༸གོང་ས་ཆེན་པོ་མཆོག་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་ལ་ཕེབས་མ་ཐག་གྲོས་མཐུན་ལ་ངོས་ལེན་མོས་མཐུན་མེད་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་ཅིང་། དོན་སྙིང་ལྡན་པའི་ལོ་ལྔ་བཅུའི་རིང་རྒྱ་དམར་གྱི་དྲག་གནོན་གདུག་རྩབ་བྱས་པའི་ཉེར་ལེན་གྱིས་བོད་མི་རྒན་བྱིས་གྲངས་ས་ཡ་གཅིག་ལྷག་དུས་མིན་འཆི་རྐྱེན་བྱུང་བ་དང་། མང་པོ་ཞིག་ཉེས་མིང་སྣ་ཚོགས་མིང་འདོགས་ཀྱིས་ད་དུང་རྒྱ་དམར་གྱི་བཙོན་ཁང་ཁག་ནང་མི་སྤྱོད་ལས་འདས་པའི་གདུག་རྩབ་མནར་སྤྱོད་མྱངས་དང་མྱོང་བཞིན་པ་སོགས་མདོར་ན་ཁྲག་དང་མཆི་མའི་རྒྱུན་མ་ཆད་པའི་དུས་རབས་མུན་ནག་ཅིག་ལས། རྟེན་འབྲེལ་དགའ་སྟོན་བྱ་འོས་གང་ཡང་མེད།