ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཆབ་སྲིད་ཀྱི་དུས་འགྱུར་ཚབས་ཆེའི་དབང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནའ་འབྲེལ་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཆིབས་སྒྱུར་ཞབས་སོར་འཁོད་ཉིད་བོད་མིའི་རྩ་དོན་བསྒྲུབ་བྱ་རང་ཡུལ་རང་དབང་སླར་གསོའི་ལས་ཐབས་ཀྱི་རྨང་གཞི་དང་། བོད་འབངས་རྣམས་ཀྱི་འཕྲལ་ཡུན་ཕན་བདེའི་གཞི་རྩར་ཆོས་སྲིད་ཟུང་འབྲེལ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ཉིད་གསར་བཙུགས་ཐོག འཛམ་གླིང་ནང་ཆབ་སྲིད་ཀྱི་རིང་ལུགས་འདྲ་མིན་ཅི་རིགས་ཤིག་ཡོད་ཁོངས་ནས་མང་ཚོགས་ཀྱི་འཕྲལ་ཡུན་བདེ་རྩར་ཕན་རླབས་ཆེ་བའི་རང་དབང་མང་གཙོའི་ལམ་བཟང་ལ་དཀྲི་ཐབས་སུ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་བཀོད་བསྒྲིགས་དང་སྦྲགས། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་རྣམས་ཀྱིས་དམ་ཕུལ་ལས་སྒོར་ཞུགས་པ་ནས་བཟུང་བོད་ལྗོངས་མང་གཙོའི་གཞུང་གི་ལམ་བཟང་དབུ་བརྙེས་ཤིང་། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱས་བསྡུས་སྔ་རྗེས་སུ་གསལ་བསྒྲགས་དང་། ད་ཕན་ལོ་མང་རིང་བཙན་བྱོལ་གཞུང་བོད་མིའི་ཆབ་སྲིད་རང་བཞིན་མང་གཙོ་ཚད་ལྡན་མིང་དོན་མཚུངས་པ་ཡོང་ཐབས་སུ། འབད་བརྩོན་ཐབས་ཤེས་ཡོད་རྒུ རྩལ་སྤྲུག་ཐོག་ཉམས་མྱོང་རིམ་བསགས་རྗེས་ཕྱི་ལོ་ ༡༩༩༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་སྐབས་བཅིུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་སྤར་གྱིས་ཚོགས་འདུ་རྒྱས་འཛོམས་དེ་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གྲུབ་པ་ནང་གསལ་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་འགན་དབང་ལྗིད་མཉམ་དབྱེ་གསེས་གཏན་འབེབས་སོགས་མདོར་ན་ཁྲིམས་ཀྱིས་དབང་བསྒྱུར་འོག་སྲིད་གཞུང་གི་གནང་སྒོ་མཐའ་དག་ཕྱག་བསྟར་གནང་དང་གནང་བཞིན་པ་ལྟར་མང་གཙོའི་མདུན་མཆོངས་ཆེན་པོ་བྱུང་བ་ནི་རང་རེའི་སྐབས་བབ་ཀྱི་གནས་སྟངས་ལ་གཞིགས་པས་གྲུབ་འབྲས་གང་ལེགས་དང་དགའ་སྤོབས་བྱ་འོས་མ་ཟད། ཉེ་བའི་ཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གསར་ཤོས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དམིགས་འཛུགས་བསྐོ་གཞག་དང་། རང་དབང་ཅན་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཐད་བསྐོ་གནང་ཕྱོགས་བཅས་ཆེས་མཐོའི་ཚོགས་ཆུང་ནས་འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུར་སྒྱུར་བཀོད་སོང་བ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླར་ཡང་མང་ཚོགས་ལ་སྐུ་དབང་གསོལ་རས་གནང་ཡོད། མང་གཙོའི་ལམ་སྲོལ་སྲ་བརྟན་ཡར་རྒྱས་ཡོང་མིན་མང་ཚོགས་ཀྱི་བསམ་བློའི་གནས་ཚད་དང་། སྤྱི་དོན་ཐོག་འཁུར་བསམ་ཕྱར་གྲུ་མཉམ་འདེགས་བཅས་ལ་རག་ལུས་སྟབས་ད་ཕན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་བལ་གཉིས་སུ་བོད་མི་འདུ་སྡོད་ས་ཁུལ་ཁག་ནང་མང་ཚོགས་ལ་འཚམས་འདྲི་གཟིགས་སྐོར་དང་སྦྲགས་གཙོ་ཆེ་ཆབ་སྲིད་དྲིལ་བསྒྲགས་སློབ་གསོར་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་ལངས་ཕྱོགས། གྲོས་ཚོགས་ཀྱི་ལས་རིམ་དང་གྲོས་ཆོད་གཏན་འབེབས་ཇི་ཡོད་སོགས་མང་ཚོགས་འདུས་ཆེར་གོ་བཀོན་གསེས་བཀྲོལ་འགྲེལ་བརྗོད་ཐུབ་པ་སོགས་མང་གཙོའི་ལམ་སྲོལ་འགྲོ་ལུགས་ལ་གོམས་འདྲིས་རྒྱུན་འབྱམས་སུ་འཇགས་ཐབས་ཆེད་གོ་སྒྲིག་ཞུས་དོན་ལྟར་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བ་ཞུ་རྒྱུ་མ་ཟད། རྒྱུན་དུ་སྲིད་གཞུང་གིས་གཏན་འབེབས་ཟིན་པའི་སྲིད་བྱུས་དང་། ལས་རིམ་ཁག་ལ་མང་ཚོགས་ཀྱིས་ཉམས་སྣང་དོན་གཉེར་ཆེན་པོས་བྱ་ར་སྟངས་འཛིན་དང་། ལེགས་སྤེལ་ཉེས་འགོག་གི་བསམ་འཆར་ལྷུག་འདོན་ཡོ་བསྲང་གནང་གལ་ཆེ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་གཞི་རིམ་མང་ཁྲོད་དུ་མང་གཙོའི་གོ་རྟོགས་འཕེལ་རྒྱས་དང་ས་གནས་སུ་ལས་དོན་ཚགས་ཚུད་ཀྱི་གཞི་རྟེན་ལེགས་ཚུགས་ཡོང་ཆེད། བོད་མི་འདུ་སྡོད་ས་ཁུལ་ཁག་ལ་ས་གནས་འཐུས་མི་ཚོགས་འདུའི་སྒྲིག་འཛུགས་ཡོད་རིགས་ཁག་སྲ་བརྟན་ཡར་རྒྱས་དང་། སྒྲིག་འཛུགས་མེེད་རིགས་ལ་གསར་དུ་ཚུགས་ཐབས། དེ་བཞིན་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཚགས་ཚུད་གོང་འཕེལ་གཏོང་རྒྱུ་ནི་མེད་དུ་མི་རུང་བའི་གལ་འགངས་ཆེ་བར་བརྟེན་འདས་པའི་ལོ་གཉིས་རིང་སྤྱི་འཐུས་རྣམ་པ་ས་ཁུལ་ཆ་བགོས་ཀྱིས་ཆབ་སྲིད་སློབ་གསོར་ཕེབས་སྐབས་ས་གནས་འཐུས་མིའི་ཚོགས་མི་རྣམས་ལ་གཟབ་སྦྱོང་སློབ་ཁྲིད་རིམ་བསྟུད་གནང་ཐོག ཉེ་སྔོན་ཕྱི་ཟླ་ ༣ པའི་ནང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དང་སྟབས་བསྟུན་གྱིས་ས་འཐུས་ཚོགས་གཙོ་དང་དྲུང་ཆེ་རྣམས་རྡ་སར་ཆེད་འགུགས་ཀྱིས་གོང་སྐོར་གཟབ་སྦྱོང་སློབ་ཁྲིད་བསྐྱར་ནན་གནང་བ་དང་སྦྲགས། ས་གནས་འགོ་འཛིན་ཁག་གི་ལོ་འཁོར་སྔོན་རྩིས་གཏན་འབེབས་དང་སྟངས་འཛིན་བྱེད་ཕྱོགས་སྐོར་བཀའ་སྤྱི་ཐོུང་ནས་འགྲེལ་བཤད་ལམ་སྟོན་ཟབ་ནན་གནང་བ་མ་ཟད། གྲོས་ཚོགས་དངོས་གཞི་ཚུགས་སྐབས་ས་འཐུས་ཚོགས་གཙོ་རྣམས་ཟུར་ཉན་ངོ་བོར་ཚོགས་ཞུགས་ཀྱིས་གྲོས་ཚོགས་ཀྱི་འགྲོ་ལུགས་ཉམས་མྱོང་དམར་ཁྲིད་ཐུབ་ཐབས་གང་ཡོང་ཞུས་ཡོད་པ་ལྟར་ཕན་ཐོགས་གང་ལེགས་འབྱུང་རེར་དངོས་སུ་ལག་ལེན་འཁེལ་ཐབས་སུ་ཐུགས་ཁུར་ཆེ་བཞེས་ཡོང་བ།

དེ་འབྲེལ་བཅའ་ཁྲིམས་དགོངས་དོན་གཞི་རིམ་མང་གཙོ་འཕེལ་རྒྱས་ཆེད་རང་རིགས་འདུ་སྡོད་ས་ཁུལ་ཁག་གི་ས་གནས་འགོ་འཛིན་རྣམས་ས་ཁུལ་མང་ཚོགས་ནས་འོས་འདེམས་བསྐོ་འཛུགས་དགོས་པ་ལྟར་ལག་ལེན་འཁེལ་ཐབས་སུ་སྔོན་དུ་འདི་སྐོར་འབོད་བསྐུལ་གསལ་བསྒྲགས་སྔ་རྗེས་སུ་ཞུས་པ་མ་ཟད། འཛིན་སྐྱོང་བཀའ་ཤག་ནས་ཀྱང་མཇུག་གནོན་བསྐུལ་ལྕག་རིམ་བསྟུད་གནང་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་ས་ཁུལ་འགའ་ཞིག་ནང་ལག་ལེན་འཁེལ་བ་ཙམ་ལས། ས་ཁུལ་མང་ཆེ་བའི་ནང་ས་གནས་འགོ་འཛིན་འདེམས་བསྐོ་མ་ཐུབ་པར་རང་འཇགས་གནས་ཡོད་ཅིང་། འདི་སྐོར་ཕུགས་ཡུལ་དོན་གནད་གལ་ཆེར་སོང་ད་རེས་གོ་སྐབས་འདི་བརྒྱུད་སླར་ཡང་འབོད་བསྐུལ་ཞུ་འདོད་བྱུང་བ་ལྟར་རྒྱ་ཆེའི་མང་ཚོགས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་གལ་ཐོག རིང་པོར་མ་ཐོགས་པར་དངོས་སུ་ལག་ལེན་འགེལ་ཐབས་འཁུར་འགན་ཆེ་བསྐྱེད་ཀྱིས་འབད་བརྩོན་གནང་གལ།

བཙན་བྱོལ་བོད་མིའི་སྲིད་གཞུང་མང་གཙོ་ཆ་ལག་ཚང་བའི་འགྱུར་འགྲོས་བྱུང་བ་ནས་བཟུང་འཛམ་གླིང་ནང་མང་གཙོའི་རིང་ལུགས་ལྡན་པའི་རྒྱལ་ཁབ་གྲགས་ཅན་མང་པོས་བོད་དོན་ཐོག་ཐུགས་སྣང་རྒྱབ་སྐྱོར་གནང་བདེར་གྱུར་ཅིང་། དེ་ཡང་འདས་པའི་ལོ་ཤས་ནང་ཨ་རི་དང་། ཡོ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱིས་གཙོས་པའི་རྒྱལ་ཁབ་མང་དག་གི་གྲོས་ཚོགས་ནང་བོད་དོན་ཐོག་ཤ་ཚ་རྒྱབ་སྐྱོར་ཇི་ཡོད་ཚོགས་མི་སོ་སོ་བརྒྱུད་རྣམ་པ་གསལ་མངོན་གྱིས་བོད་དོན་ཐོག་འཕྲལ་ཡུན་གཉིས་ཕན་གྱི་གྲོས་ཆོད་ཀྱང་མང་དག་འཇོག་ལེན་ཐུབ་ཅིང་། ཕྱོགས་མཚུངས་གཞུང་གི་དབུ་ཁྲིད་དང་། གྲོས་ཚོགས་ཀྱི་འཐུས་མི་གནད་ཡོད་རིགས་རྒྱ་ནག་ཏུ་གཞུང་འབྲེལ་ཕེབས་སྐབས་སོགས་ལ་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་འབྲེལ་ད་ཆ་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཐུབ་པ་བྱུང་སྟབས་དཀའ་རྙོག་སེལ་ཆེད་ཞི་མཐུན་གྲོས་མོལ་འགོ་འཛུགས་ཐུབ་ཐབས་མུ་མཐུད་གནང་དང་གནང་བཞིན་པ་སོགས་བྱུང་ཡོད། ད་ཕན་གྱི་གྲུབ་འབྲས་ལ་གཞིགས་ཏེ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་འཆར་ལོའི་ནང་བསྐོང་ཚོགས་ཐུབ་ཐབས་ལས་དོན་གོ་སྒྲིག་ཞུ་བཞིན་ཡོད། མདོ་དོན་བོད་ལྗོངས་མང་གཙོའི་འཕེལ་རིམ་ཡར་རྒྱས་མདུན་བསྐྱོད་དང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་གྲུབ་འབྲས་འདི་ལྟ་བུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྨད་བྱུང་མཛད་འཕྲིན་དང་ཐུགས་རྗེ་བཀྲིན་ཉག་ཅིག་ལས་བྱུང་བ་ཡིན་སྟབས་ད་རེས་གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འདི་ནས་བཀྲིན་རྗེས་དྲན་ཞུ་གི་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༢༠༠༤ ཟླ་ ༩ ཚེས་ ༢ ལ། །།

Share with your friends










Submit