ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་ ༢༠༠༢ ཟླ་ ༩ ཚེས་ ༢ ཉིན་མོ་ནི། བོད་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་གསར་གཏོད་དངོས་སུ་ལག་བསྟར་བསྐྱངས་ནས་ལོ་ངོ་ ༤༢ འཁོར་བའི་དུས་ཆེན་ཁྱད་འཕགས་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུུ་གི་ཡོད།

རང་རེ་བོད་མིའི་མང་གཙོའི་འཕེལ་རིམ་ནི་ཚང་མས་མཁྱེན་གསལ་བཞིན་བོད་འབངས་རྣམས་ལ་བཀྲིན་ཤིན་ཏུ་ཆེ་བ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་ཚེའི་སྨད་ནས་བོད་ལྗོངས་ཕུགས་གཏན་སྲ་བརྟན་ཡོང་ཐབས་སུ་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་སྤྱི་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཕྱི་སྲིད་འབྲེལ་ལམ་རྒྱ་བསྐྱེད་གནང་བ་དང་། དེ་བཞིན་ཕྱི་རྒྱལ་དུ་བོད་ཕྲུག་སློབ་གཉེར་བ་དྲག་འདེམས་ཆེད་བརྫངས་གནང་བ་མ་ཟད་རང་ཡུལ་དུའང་གནས་དུས་དང་འཚམས་པའི་རིག་གསར་སློབ་སྤེལ་ཆེད་སློབ་གྲྭ་གསར་བཙུགས་མཛད་པ་སོགས་འཕྲལ་ཡུན་མང་ཚོགས་ཀྱིི་དགོས་མཁོར་འཚམས་པའི་གསར་བརྗེའི་སྒྱུར་བཀོད་སྒོ་གང་ས་ནས་མཛད་མུར་བོད་མིའི་བསོད་ནམས་ཀྱིས་མ་འཆུན་སྟབས་མགོན་པོ་གང་ཉིད་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་མནལ་ཚུལ་བསྟན་པ་དང་། དེ་རྗེས་ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་དྲག་དཔུང་གིས་དཔུང་འཛུལ་བྱེད་འགོ་བཙུགས་ཏེ་རིམ་བཞིན་བོད་ཀྱི་ཆབ་སྲིད་གནས་སྟངས་ཛ་དྲག་གཉན་འཕྲང་ཇེ་ཆེར་གྱུར་སྟབས་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིིན། སྐབས་དེར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོས་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་བཟུང་བོད་སྡོད་རྒྱའི་དཔོན་རིགས་རྣམས་ཀྱིས་འགལ་རྐྱེན་སྣ་ཚོགས་བཟོས་མིན་ལ་མ་ལྟོས་པར་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་གནང་སྟེ་བོད་གཞུང་འཛིན་སྐྱོང་འགྲོ་ལུགས་གང་ཅི་དེང་དུས་འཛམ་གླིང་སྤྱི་ཚོགས་མང་བས་ལམ་ལུགས་ལྟར་མང་གཙོ་ཚད་ལྡན་ཡོང་ཐབས། དེ་བཞིན་བུན་རྙིིང་རྩ་ཆག་སྩལ་བ་སོགས་རང་རིགས་རྣམས་བདེ་རྩར་འཚོ་གཟིགས་ཆེད་སྒྱུར་བཀོད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་མཛད་རུང་། བོད་ལྗོངས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་ཟིན་སྟབས་དགོངས་བཞེས་ལྟར་མ་འགྲུབ།

ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཆབ་སྲིད་དུས་འགྱུར་ཅི་ཆེས་རྐྱེན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་འབྱོར་བྱུང་མ་ཐག་བོད་མིའི་རྩ་དོན་བསྒྲུབ་བྱ་རང་ཡུལ་རང་དབང་སླར་གསོའི་མཛད་ཐབས་རྨང་གཞི་སྔོན་གྱི་དགོངས་བཞེད་ཇི་བཞིན། ༡༩༦༠ ཟླ་བ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བླློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱི་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་བཀའ་ཕེབས་ལྟར། ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་དམ་ཕུལ་གྱིས་ལས་སྒོར་དངོས་སུ་ཞུགས་པ་ནས་བཟུང་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་བཟང་དབུ་བརྙེས་ཤིང་། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་སྔ་རྗེས་གསལ་བསྒྲགས་བསྐྱངས།

དེ་ནས་ལོ་མང་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཚད་ལྡན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སུ་འབད་བརྩོན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཐོག་ཉམས་མྱོང་རིམ་བསགས་ཀྱིས་ ༡༩༩༡ ལོར་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་པ་ཆེ་བཞེས་ཀྱིས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་སྤར་གྱིས་མཚོན་མང་གཙོའི་ལམ་སྲོལ་མཚན་ཉིད་ཚང་ཞིང་ཆ་ལག་ལྡན་པའི་ལམ་ཕྱོགས་སུ་བསྐྱོད་ཐབས་དུས་བསྟུན་སྒྱུར་བཅོས་མཛད་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་ནས་བཅུ་གསུམ་བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོ་གྱུར་འཛིན་སྐྱོང་གི་སྒྲིག་གཞི་ཁག་དང་། བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་གཏན་འབེབས་བྱ་རྒྱུས་མཚོན་དཔལ་འབྱོར་ལམ་ལུགས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སོགས་ཁྲིམས་བཟོ་ལྷན་ཚོགས་ནས་གཏན་འབེབས་གནང་བ་དང་། དུས་བསྟུན་བསྐྱར་བཅོས་གནང་འོས་ཁག་སྐབས་མཚམས་སོ་སོར་གནང་ཡོད། ཁྱད་པར་དུ་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱ་ིགྲོས་ཚོགས་ཚོགས་དུས་མཐའ་མའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་ཆིབས་སྒྱུར་ཞབས་བཀོད་དང་འབྲེལ་བཀའ་སློབ་རིན་པོ་ཆེ་ཕེབས་དགོངས་བཞིན་བཀའ་བླློན་ཁྲི་པའི་འོས་འདེམས་ཞུ་ཕྱོགས་སྐོར་གྲོས་ཚོགས་སུ་སྤྱི་ཡོངས་བགྲོ་གླེང་སྱང་བཤད་ཞུས་མཐར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞིི་སོ་སོར་སྐབས་བསྟུན་བསྐྱར་བཅོས་དང་འབྲེལ་བྱེས་སྡོད་རྒྱ་ཆེའི་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་དང་པོ་ཐད་ཀར་འོས་འདེམས་ཀྱིས་ད་ཆ་བོད་མང་གཙོའི་གཞུང་གི་ཀ་བ་གསུམ་གྱི་ནང་གསེས་འཛིན་སྐྱོང་གི་ཐུགས་འགན་བཞེས་མུས་ཡིན།

བཅའ་ཁྲིམས་རིན་པོ་ཆེའི་ཁྱད་གནད་ནི། འཚེ་མེད་ཞིི་བདེ་དང་། རང་དབང་མང་གཙོའི་ཆབ་སྲིད་ཀྱི་རང་བཞིན་ལྡན་ཞིང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། བོད་མིའི་བསམ་སྤྱོད་དང་། དངོས་པོའི་ཁྱད་ཕན་ཡར་རྒྱས་གཏོང་རྒྱུའི་ལས་འགན་གཞུང་གི་རྩ་དོན་དུ་བཟུང་བའི་ཐོག་གཞི་རྩའི་ཐོབ་ཐང་དང་། ལས་འགན་ཁག་གསལ་བཀོད་དང་། བོད་དོན་བདེན་མཐའ་གསལ་ཐབས། གཞིས་ལུས་བོད་མིའི་བདེ་སྐྱིད། བཙན་བྱོལ་བའི་སྤྱི་ཚོགས་ནང་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་ཁེ་ཕན་གཞན་དག་བཅས་འདྲ་མཉམ་དང་། ཕན་ཚུན་གནོན་ཤུགས་མི་འབྱུུང་བར་གནས་ཐབས། དེའི་ཆེད་དུ་ཤེས་ཡོན་དང་། རིག་གཞུང་། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་ཚུལ་བཞིན་དུ་སྒྲུབ་ཐབས་ བཅས་བཅའ་ཁྲིམས་རིན་པོ་ཆེར་གསལ་བ་ལྟར་མང་ཚོགས་ནས་ལོངས་སུ་སྤྱོད་ཐུབ་པའི་འབད་བརྩོན་དགོས་པ་ཡིན།

ད་དུང་གལ་ཆེ་མདུན་བསྐྱོད་དགོས་པ་ཞིག་ལ་ ༡༩༨༨ ལོར་སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་མཇལ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དགོངས་སུ། བོད་མི་ཚོས་མང་གཙོའི་གོ་དོན་གསལ་རྟོགས་ཐུབ་པ་དང་། མང་ཚོགས་ནས་སྤྱི་གཞུང་གི་འགན་འཁུར་ནུས་ཤུགས་ཆེ་རུ་གཏོང་ཐབས་བྱེད་དགོས། སྤྱི་འཐུས་རྣམས་མི་མང་གི་འོས་བསྡུ་འདེམས་ཐོན་ལ་གཏན་འཁེལ་བྱས་པ་ལས་སྔར་ལམ་ཕྱག་རྟགས་མ་དགོས་པ། གཞིས་སྒར་ཁག་གི་འགོ་འཛིན་ཡང་ས་གནས་དེ་གའི་མང་ཚོགས་ནས་འདེམས་བསྐོ་བྱ་རྒྱུ། དེ་བཞིན་བཀའ་བླློན་གྱི་ལས་རྒྱུན་ལོ་ལྔ་རེ་རྫོགས་མཚམས་མུ་མཐུད་ལས་འཁུར་ཐོག་བསྐོ་གཞག་འོས་མིན་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བསྡུར་གྱིས་དགེ་སྐྱོན་བསམ་འཆར་ཇི་བྱུང་ལ་ཕྱག་ལེན་བསྟར་རྒྱུས་མཚོན་མང་གཙོའི་རྣམ་པ་ཇེ་ཆེར་གཏོང་དགོས་ཞེས་བཀའ་ཕེབས་ཡོད། བཅའ་ཁྲིམས་ལེའུ་བདུན་པ། དོན་ཚན་དོན་བཅུ་དོན་གཉིས་ནས་བདུན་ཅུ་དོན་བདུན་བར་གསལ་བའི་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་སྐོར། ད་བར་ས་ཁག་ཁ་ཤས་ལ་ལག་ལེན་འཁེལ་ཡོད་ཀྱང་། མང་བར་ད་ལྟའང་ཕྱག་ལེན་ལ་འཁེལ་རྒྱུ་ཡིན་ན་ངེས་པར་ཕྱག་ལེན་ལ་འཁེལ་ཐབས་གནང་རྒྱུ་གལ་ཆེའི་ནང་ནས་དོན་ཆེ་ཞིག་ཡིན། དེའང་ ༡༩༩༡ ཟླ་ ༦ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་གསུང་འཕྲིན་གནང་བའི་ནང་གསེས་དོན་ཚན་གསུམ་པའི་ནང་ལེའུ་བདུན་པའི་དོན་ཚན་ཁག་གི་ནང་འཁོད་པའི་བོད་མི་གནས་སྡོད་ས་གནས་ཁག་གི་གཞིས་འགོ་དང་། གཞིས་འགོ་ལས་རོགས་འོས་འདེམས་བྱེད་རྒྱུ་དང་། ས་གནས་གྲོས་ཚོགས་བཅས་ཀྱི་ཆ་རྐྱེན་དེའང་ཡོད་ན་ཡག་པོ་འདུག་བསམ་གྱི་འདུག འཕྲལ་སྒང་དཀའ་ངལ་ཕྲན་བུ་ཡོང་སྲིད་ཀྱི་རེད་དེ། གདོང་ལེན་བྱེད་ཀྱིན་བྱེད་ཀྱིན་ཕྱིན་ན་མ་གཏོགས་དཀའ་ངལ་ཡོང་གི་རེད་ཟེར་ནས་བཞག་ན་འགྲིག་གི་མ་རེད། ཨུ་ཚུགས་ཕྲན་བུ་རྒྱག་དགོས་ཀྱི་རེད་བསམ་གྱི་འདུག ས་གནས་སོ་སོར་འོས་འདེམས་བྱེད་རྒྱུའི་མཐུན་རྐྱེན་མ་འཛོམས་པ་དང་། འོས་འདེམས་བྱས་པའི་མི་ཚོ་ལས་དོན་མ་འགྲུབ་པ་བྱུང་ན་གཞུང་བསྐོས་གཏོང་རྒྱུའི་ཆ་རྐྱེན་ཡང་ཡོད་ཙང་ཐལ་ཆ་འགྲོ་གི་མ་རེད། ད་ལྟ་ནས་ས་གནས་ས་ཁུལ་སོ་སོར་འོས་འདེམས་བྱེད་རྒྱུ་དང་། མང་གཙོའི་ལམ་སྲོལ་དེ་ཚོ་ལ་གོམས་འདྲིས་དང་ཉམས་མྱོང་བྱུང་ན་མ་འོངས་པར་བོད་ལ་སླེབས་དུས་ཀྱང་རྒྱུས་ཡོད་པ་དང་བྱེད་ཆོག་ཆོག་ཅིག་ཡོང་གི་རེད། བྱས་ཙང་འདི་གལ་ཆེན་པོ་འདུག་པས་སྤྱི་འཐུས་ཚོས་བསྐྱར་དུ་བསམ་ཞིབ་ཅིག་གནང་ན་བསམ་པ་བྱུང་། ངས་མཐའ་གཅིག་ཏུ་བཞག་དགོས་ཀྱི་རེད་ཟེར་བརྒྱ་ཁ་གཅིག་ཆོད་བྱེད་ཡག་ག་ལ་ཡོད་དེ། ཚང་མས་ལན་གཅིག་བསྐྱར་དུ་དགོངས་བཞེས་གནང་ན་ཡག་པོ་འདུག་ཞུ་ཡག་ཡིན་ཞེས་ཕེབས་ཡོད་ན།

རྒྱུ་མཚན་དང་། དགེ་མཚན་དེ་དག་ལ་བརྟེན་ནས་རང་རེའི་མང་ཚོགས་ས་གནས་འདུ་སྡོད་ཡོངས་རྫོགས་ནས་མང་གཙོའི་འགྲོ་ལུགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི། བཅའ་ཁྲིམས་ཀྱི་དགོངས་དོན་དགོངས་པར་བཅངས་ནས་ས་གནས་འགོ་འཛིན་ས་གནས་མང་ཚོགས་རང་ནས་འོས་འདེམས་ཀྱི་ལམ་ནས་ཕེབས་ཐུབ་རྒྱུར་སེམས་ཤུགས་དང་། གོམ་པ་མདུན་སྤོས་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་ས་ཁག་མང་བར་ས་གནས་འཐུས་མིའི་ཚོགས་འདུ་གསར་འཛུགས་ཟིན་ཡོད་ཀྱང་། རེ་ཟུང་ལ་ད་ལྟ་ཡང་འཛུགས་མ་ཐུབ་པ་ལྷག་ཡོད་པས་དེ་ལྟའི་ས་ཁག་རྣམས་ནས་བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་འཕྲལ་དུ་ཕྱག་ལེན་ལ་འཁེལ་ཐབས་གནང་རྒྱུ་གལ་ཆེར་བརྟེན་ཆབས་ཅིག་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཟིན་ཀྱང་བར་ལམ་འཕོ་འགྱུར་མང་དག་ལྟ་བུས་ཉམས་རྒུད་ཕྲན་བུ་བྱུང་ཡོད། ད་ཆ་དངོས་སུ་འབྲེལ་ཡོད་མི་སྣ་གལ་ཆེ་ཁག་མཇལ་འཕྲད་བཀའ་བསྡུར་གྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱ་གར་མངའ་སྡེ་སོ་སོར་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་ཐབས་གནང་མུས་ཡིན་ན་ཕྱག་ལེན་ལ་འཁེལ་མཚམས་ས་གནས་རང་རེའི་མང་ཚོགས་དང་། ལས་ཀྱི་སྣེ་མོར་ཡོད་པ་རྣམས་ནས་ཕྱར་གྲུ་མཉམ་འདེགས་དང་། མཐུན་འགྱུར་ཞུ་འོས་ཅི་མཆིས་རང་དོན་རང་གཅེས་གནང་དགོས་པ་དང་། མ་འོངས་པར་ཡང་མཇུག་སྐྱོང་གནང་དགོས་ཡོད་རིགས་ས་གནས་སོ་སོ་ནས་གནང་དགོས་པ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ཟབ་མོ་ཇི་བཞིན་འགྲུབ་ཐབས་གནང་རྒྱུ་དང་། གཞིས་བྱེས་ཆོལ་གསུམ་བོད་རིགས་སུ་གཏོགས་སོ་ཅོག་ཆིག་བསྒྲིལ་ལག་གདང་དཔུང་གཤིབས་ཀྱིས་བོད་ལྗོངས་རང་དབང་མང་གཙོའི་དགའ་བདེའི་དཔལ་ཡོན་ལ་ལོངས་སུ་སྤྱོད་པའི་ཐབས་འཁུར་ཤུགས་བསྐྱེད་ཡོང་བའི་འབོད་སྐུལ་རེ་འདུན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༢༠༠༢ ཟླ་ ༩ ཚེས་ ༡༣ ལ།།